You are here

སློབ་གསོ།

གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་སྤྱི་ཁྱབ་ལས་ཁུངས་ཀྱི་གྲོས་ཚོགས་ཁང་གི་ཅོག་ཙེ་རིང་བོ་དེའི་སྣེ་རུ་ཁུ་སིམ་པོས་བསྡད་འདུག་
པའི་སྐལ་བཟང་སྐྱིད་ཀྱིས་འཚེར་སྣང་དང་བཅས་ལག་གི་ཤོག་ལྷེ་འགའ་རེ་འཕར་འཕུར་མཉའ་མཉེད་བྱེད་བཞིན་གདའ། ཡ་མཚན་པ་ཞིག་ལ། ཁོ་མོས་སྐད་ཆ་བཤད་དུས་ངག་དག་ཅིང་གདངས་ཟབ་ལ་ཡུལ་སྐད་ཀྱི་ཤུགས་རྐྱེན་གསལ་ལ་མི་གསལ་བ་ཙམ་མ་གཏོགས་མི་འདུག “རིག་གནས་ཀྱི་ཁོར་ཡུག་གསར་པ་ཞིག་གི་
ནང་དུ་འཚོ་བ་སྐྱེལ་སྟངས་ཐད་འབད་བརྩོན་དང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནི་དངོས་གནས་རིང་བོ་ཞིག་རེད།” ཅེས་ཁོ་མོས་བཤད་བྱུང་ལ་དོན་དངོས་སུ་ཡང་དེ་ལྟར་རེད།

སྐལ་བཟང་སྐྱིད་ནི་བོད་ཡུལ་མཐོ་སྒང་གི་ཤར་སྣེ་རུ་ཡོད་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་གྲོང་གསེབ་ཅིག་ཏུ་སྐྱེས་པ་ཡིན། རྫ་རི་མཐོ་ཞིང་འབྲོག་སྡེ་ཆགས་པའི་ཡུལ་འདིའི་ལྷོ་རྒྱུད་དང་ནུབ་རྒྱུད་ཀྱི་ས་ཁུལ་ཁག་དང་མི་འདྲ་བར་གཅན་ཚ་རྫོང་ནི། དབུས་སུ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ཡོད་སའི་གཤིན་ས་ལྷེབ་མོ་དེའི་ཆ་ཤས་ཤིག་ཡིན། ཡུལ་འདིའི་ཡུལ་མི་མང་ཆེ་བས་ཞིང་ལས་གཉེར་གྱི་ཡོད་ལ་སྐལ་བཟང་སྐྱིད་ཀྱང་དེ་དག་ལས་དམིགས་བསལ་པ་མིན། “ང་ནི་ཞིང་པའི་བུ་མོ་ཞིག་ཡིན།” ཞེས་ཁོ་མོས་བཤད་བྱུང་ལ། ཁོ་མོའ་ིདགོད་སྒྲ་དེས་དབྱིན་སྐད་ནང་གི་ཆེའི་རྒྱུན་ལྡན་གྱི་ཚིག་དུམ་འདིར་ཡང་བྲོ་བ་ལྷག་མ་ཞིག་བསྣན།

“ཡར་ནར་སོན་ནས་ངའི་ལོ་ཚོད་ལ་སླེབས་པའི་བུད་མེད་ཅིག་ལ་མཚོན་ན་སློབ་གསོའ་ིམྱོང་བའི་སྐལ་བ་ཧ་ཅང་ཕྲ།” ཞེས་ཁོ་མོས་མུ་མཐུད་དུ་བཤད་རྒྱུར། “བུ་མོ་ཚོ་ཁྱིམ་དུ་བསྡད་དེ་བཟའ་མི་དང་མཉམ་དུ་ལས་ཀ་ལས་དགོས། ངའི་མིང་སྲིང་ཚང་མ་ཡིག་རྨོངས་པ་ཤ་སྟག་ཡིན།” ཡིན་ནའང་། སྐལ་བཟང་སྐྱིད་ཀྱི་ཨ་ཕས་ཁོ་མོའ་ིཨ་མ་ལ་སྐལ་བཟང་སྐྱིད་མོ་རང་ཉིད་ཀྱིས་སློབ་མཚམས་མ་བཞག་བར་དུ་ཁོ་མོ་སློབ་གྲྭར་སྐྱེལ་རྒྱུ་ཡིན་པའི་དམ་བཅས། སློབ་གྲྭར་གང་འཚམས་སོང་རྗེས་སློབ་མཚམས་འཇོག་པ་ནི་སྐབས་དེ་དུས་ཀྱི་བོད་ཀྱི་གཞོན་ནུ་ཚོའི་སྤྱི་མཐུན་གྱི་ལས་དབང་ལྟ་བུ་ཞིག་ཡིན།

སྐལ་བཟང་སྐྱིད་ཀྱིས་སློབ་མཚམས་མ་བཞག་ཅིང་། ༡༩༩༡ལོར་ཁོ་མོ་ནི་བཟའ་མིའི་ཁྲོད་ནས་མཐོ་འབྲིང་མཐར་ཕྱིན་མཁན་ཐོག་མ་དེ་ཆགས་པ་རེད། མཐོ་འབྲིང་ནི་ཕལ་ཆེར་ཨ་རིའི་མཐོ་རིམ་སློབ་གྲྭ་དང་ཚད་མཉམ་ཡིན། ཁོ་མོས་རང་ཉིད་ཀྱི་སློབ་སྦྱོང་གི་རྒྱུན་རེབ་གོང་དུ་ཡོད་པའི་རྨ་ལྷོ་དགེ་འོས་སློབ་གྲྭ་རུ་བསྐྱངས། ཁོ་མོས་བོད་དབྱིན་གཉིས་ཀྱི་ཐོག་འབྲིང་རིམ་(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་དགེ་རྒན་ཞིག་ལ་དགོས་པའི་ཆེས་དམའ་མཐའི་ཤེས་ཡོན་ཐོབ་ཐང་དེ་ཡིན) སློབ་མཐར་ཕྱིན་རྗེས་ཁོ་མོ་རང་ཉིད་ཀྱི་མ་ཡུམ་སློབ་ཆུང་དུ་ཕྱིར་ཕེབས་ཏེ་དེར་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་དང་ལོ་རྒྱུས། ས་ཁམས་བཅས་སློབ་ཁྲིད་གནང་། 

ཐོག་མ་ཉིད་ནས་བཟུང་སྐལ་བཟང་སྐྱིད་ལ་རང་ཉིད་ཀྱི་སློབ་ཁྲིད་ནུས་པ་མཐོར་འདེགས་གཏོང་བའི་འདུན་པ་ཤུགས་ཆེན་ཡོད་ལ། མི་འགྱངས་པར་ཁོ་མོས་རང་ཉིད་ཀྱི་དབྱིན་ཇིའི་སྐད་ཡིག་གི་ཆུ་ཚད་ཡར་རྒྱས་སུ་གཏོང་ཆེད་དུས་ཡུན་ལོ་ངོ་གསུམ་ཅན་གྱི་ཡིག་འབྲེལ་སློབ་སྦྱོང་བྱེད་འགོ་བརྩམས། ཁོ་མོས་བཤད་རྒྱུར་།“ཁྱིམ་དུ་ཡོད་དུས་དབྱིན་ཡིག་སྦྱོང་བརྡར་བྱེད་པའི་གོ་སྐབས་ཧ་ཅང་ཕྲ། དེ་བས་ངས་རྒྱུན་པར་ཀློག་འདོན་དང་རང་ཉིད་ཀྱི་སྐད་སྒྲ་སྒྲར་ཕབ་སྟེ་ཕྱིར་གཏོང་བ་སོགས་ཀྱི་བྱེད་ཐབས་བཀོལ་ཏེ་སྦྱོང་བརྡར་བྱས་པ་ཡིན།”ད་དུང་ཡང་རང་ཉིད་ཀྱི་སྐད་ཡིག་གི་ནུས་པར་འདོད་བློ་མ་ཁེངས་པའི་རྐྱེན་གྱིས་བསྐྱར་དུ་སློབ་གྲྭ་འགྲོ་རྒྱུ་བྱས་ཤིང་། ༢༠༠༡ལོར་དབྱིན་ཡིག་གི་ཐོག་ནས་དངོས་གཞིའི་ཐོབ་ཐང་ལེན་ཆེད་ཟི་ལིང་དུ་ཡོད་པའི་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་སློབ་ཞུགས་བྱས། སློབ་སྦྱོང་འདི་གྲུབ་རྗེས་ཁོ་མོ་ལམ་སེང་ཕྱིར་ཕ་ཡུལ་གཅན་ཚ་རུ་ལོག་སྟེ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་ནང་དུ་ལས་གནས་གསར་པ་ཞིག་བླངས་ཤིང་། སློབ་གྲྭ་དེར་མི་འགྱངས་པར་ཁོ་མོ་འཛིན་གྲྭའི་གཙོ་བདག་དགེ་རྒན་ཞིག་ཏུ་གྱུར།

རྫོང་མི་རིགས་སློབ་འབྲིང་ནི་བཅའ་སྡོད་སློབ་གྲྭ་ཞིག་ཡིན་ལ་ནང་གི་སློབ་མ་ནི་གཙོ་བོ་རང་ཁྱིམ་སློབ་གྲྭ་དང་ཐག་རིང་སར་ཡོད་པའི་ཞིང་འབྲོག་པའི་བྱིས་པ་རྣམས་ཡིན། འཛིན་གྲྭའི་གཙོ་བདག་ཅིག་ཡིན་པའི་ཆ་ནས་སྐལ་བཟང་སྐྱིད་ཀྱིས་སློབ་མ་ཚོར་ཉིན་མཚན་གཉིས་ཀར་འགན་འཁུར་དགོས་ཤིང་། རང་ལོ་བཅུ་གསུམ་ནས་བཅོ་ལྔ་ཅན་གྱི་བྱིས་པ་བརྒྱད་ཅུ་ཡས་མས་ཡོད་པའི་འཛིན་གྲྭར་སློབ་ཁྲིད་བྱེད་པ་དང་། སློབ་མ་རེ་རེར་དགེ་རྒན་དང་ཐག་ཉེ་སར་འདུག་པའི་གོ་སྐབས་ཐོབ་ཆེད་འདུག་སྟེགས་རེས་སྐོར་བའི་ཐབས་ལམ་སྤྱད། 

༢༠༠༤ལོར་སྐལ་བཟང་སྐྱིད་ཟི་ལིང་དུ་ཀུན་ཕན་ཐེབས་རྩ་ཚོགས་པས་བོད་པ་དབྱིན་ཡིག་དགེ་རྒན་ཚོར་དམིགས་ཏེ་བཀོད་སྒྲིག་བྱས་པའི་སློབ་མ་ལྟེ་བར་འཛིན་པའི་ཁྲིད་ཐབས་ཐོག་སྤེལ་བའི་སྦྱོང་བརྡར་འཛིན་གྲྭར་ཞུགས་པར་ཕེབས། ཁོ་མོས”དེ་ནི་ཧ་ཅང་རྙེད་དཀའ་བའི་གོ་སྐབས་ཤིག་དང་ཁྱད་པར་དུ་དབྱིན་ཡིག་དགེ་རྒན་ཚོ་ལ་མཚོན་ན་རྩ་ཆེ་བའི་གོ་སྐབས་ཤིག་རེད།”ཅེས་བཤད་མུ་མཐུད་དུ་བཤད་རྒྱུར། “དེར་ངས་དངོས་ཡོད་ཐེག་རེག་ཅན་གྱི་ཁྲིད་ཐབས་སྐོར་སྦྱོང་རྒྱུ་བྱུང་ལ། དེ་དང་ཆབས་ཅིག་སློབ་ཁྲིད་བྱེད་ཐབས་ཐོག་ལ་སྔར་ལས་ལྷག་པའི་སློབ་སྦྱོང་བྱེད་འདུན་ཤར།” ཆེས་ཐོག་མའི་ཚོགས་འདུ་འདི་ག་རང་གི་སྐབས་སུ་སྐལ་བཟང་སྐྱིད་ཀྱིས་ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱལ་སྤྱིའི་བྱ་དགའི་སློབ་ཡོན་སྐོར་ཤེས་རྟོགས་བྱུང་བ་ཡིན་ལ་བྱ་དགའ་དེས་ཁོ་མོ་མཇུག་མཐར་ཨ་རི་ལ་བསྐྱལ་ཡོང་བ་ཡིན།

༢༠༠༦ལོར་སྐལ་བཟང་སྐྱིད་ཀྱིས་ཝེར་མོན་མངའ་སྡེའི་ནང་གི་བྷི་རེ་ཋིལ་བྷོ་རོ་གྲོང་རྡལ་དུ་ཡོད་པའི་རྒྱལ་སྤྱིའི་སྦྱོང་བརྡར་སློབ་གྲྭ་རུ་དབྱིན་ཇིའི་སྐད་ཡིག་ཐོག་དངོས་སྦྱོང་ཤེས་རམས་པའི་སློབ་སྦྱོང་བྱེད་ཆེད་བྱ་དགའི་སློབ་ཡོན་ལ་རེ་ཞུའི་སྙན་ཞུ་ཕུལ་མོད། འོན་ཀྱང་། སློབ་གྲྭ་འདིའི་སློབ་སྡུད་ལས་ཁུངས་ཀྱིས་སྐལ་བཟང་སྐྱིད་ཀྱིས་དབྱིན་སྐད་ཕ་སྐད་དུ་གྱུར་བའི་སློབ་གྲོགས་ཚོའི་རྗེས་ཆོད་མིན་ཐད་དོགས་པ་སྐྱེས། གང་ལྟར་མཇུག་མཐར་ཁོང་ཚོས་ཁོ་མོ་ལ་གོ་སྐབས་འདི་སྤྲོད་རྒྱུ་ཐག་གིས་བཅད་ཅིང་། ༢༠༠༨ལོའ་ིསྤྱི་ཟླ་དང་པོར་ཁོ་མོ་ཨ་རིར་འབྱོར་ཏེ་མཱ་སེ་ཆུའུ་སེ་ཋིའི་རྒྱལ་སྤྱིའི་སྐད་ཡིག་སློབ་གླིང་དུ་ཟླ་ངོ་བདུན་ཅན་གྱི་དབྱིན་ཇིའི་སྐད་ཡིག་ཟབ་སྦྱོང་གི་འགོ་བརྩམས།

ཁོ་མོར་མཚོན་ན་ཐོག་མར་གོམས་རྒྱུ་དཀའ་མོ་བྱུང་། འདི་ཐད་ལ་ཁོ་མོས་འགྲེལ་བཤད་རྒྱག་དོན། “ཨ་རིར་མ་ཡོང་སྔོན་དུ་ང་རང་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ལོགས་སུ་སོང་མྱོང་མེད་ལ། པེ་ཅིང་ལྟ་བུའི་གྲོང་ཁྱེར་ཆེན་མོར་གཏན་ནས་སོང་མྱོང་མེད།” ཡོད་ཚད་ཐམས་ཅད་ཁོ་མོར་མཚོན་ན་གསར་པ་དང་རྒྱུས་མེད་ཡིན་ལ་སྐབས་དེར་ཁོ་མོས་རང་ཉིད་ཀྱི་ཁྱིམ་མི་དང་ཕན་ཚུན་ལ་འབྲེལ་འདྲིས་ཟབ་པའི་ཕ་ཡུལ་གྱི་མི་སྡེ་དྲན།“ངའི་སེམས་སུ་ཡང་དང་ཡང་དུ་ཤར་བ་ནི། ‘ད་ངས་འདི་མཇུག་སྐྱོང་ཐུབ་ས་མ་རེད། ང་ཕྱིར་ཁྱིམ་དུ་ལོག་འདོད།’ སོགས་ཡིན་ལ། དེ་ལྟར་ང་རང་མང་བོ་ངུས་པ་ཡིན།” འོན་ཀྱང་། ཁོ་མོ་ཕྱིར་མ་ལོག་པར་འདིར་བསྡད་པ་རེད། ལོ་དེའི་སྤྱི་ཟླ་དགུ་པའི་ནང་དུ་ཁོ་མོས་རྒྱལ་སྤྱིའི་སྦྱོང་བརྡར་སློབ་གྲྭ་རུ་སློབ་སྦྱོང་བྱེད་འགོ་བརྩམས་ཏེ་སྐད་ཡིག་ལ་དབང་བསྒྱུར་དང་སློབ་ཁྲིད་ཐབས་ལམ། རིག་གནས་བཅས་ཀྱི་ཐོག་ལ་བློ་རྩེ་བསྒྲིམས། 

ཁོ་མོས་ཐོག་མར་འཚེར་སྣང་སྐྱེས་པ་ཁས་ལེན་མོད། འོན་ཀྱང་། སྐལ་བཟང་སྐྱིད་ཀྱིས་རིམ་གྱིས་འཛིན་གྲྭ་གྲོལ་རྗེས་ནམ་རྒྱུན་རང་ཉིད་ཀྱི་སློབ་དཔོན་ཚོའི་མདུན་
དུ་སོང་སྟེ་ཁོང་ཚོ་དང་ལྷན་དུ་ཕ་ཡུལ་དུ་རང་ཉིད་ལ་འཕྲད་པའི་གནད་དོན་ཁག་དང་གནད་དོན་དེ་དག་ཅི་ལྟར་སེལ་བའི་ཐོག་བགྲོ་གླེང་བྱས། སློབ་དཔོན་འདི་
དག་དང་ལྷན་དུ་བྱས་པའི་བགྲོ་གླེང་གིས་ཁོ་མོར་སེམས་ཤུགས་སྤར། “ངས་རང་ཉིད་ཀྱིས་ཕྱོགས་གཉིས་ཀྱི་ལམ་ནས་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད་པ་རྟོགས་བྱུང་།
ཕྱོགས་གཅིག་ནི་སློབ་ཚན་གྱི་ནང་དོན་ངོ་མའི་ཐོག་དང་ཕྱོགས་གཞན་ཞིག་ནི་རྒྱབ་ལོགས་སུ་ཁུ་སིམ་པོར་བསྡད་དེ་ངའི་སློབ་དཔོན་ཚོའི་སློབ་ཁྲིད་བྱེད་སྟངས་ལ་ལྟད་མོར་བལྟ་བའི་ཐོག་ནས་སོ།།”

སྐལ་བཟང་སྐྱིད་ལ་ལག་བསྟར་སློབ་ཁྲིད་ཀྱི་བྱེད་སྒོའི་ནང་དུ་ཞུགས་རྒྱུའི་གོ་སྐབས་ཐོབ་ཡོད་ལ། དེའི་ནང་ནས་གཅིག་ནི་བྷི་རེ་ཋིལ་བྷོ་རོ་མཉམ་འབྲེལ་མཐོ་རིམ་སློབ་གྲྭ་ནས་ཡིན་ཞིང་སློབ་གྲྭ་དེའི་ནང་གི་སློབ་མ་ཚོས་སྤྱོད་ཆོག་པའི་དཔེ་དེབདང་གློག་ཀླད་ཀྱི་གྲངས་ཀས་ཁོ་མོ་ཧ་ལས་སུ་བཅུག་ཡོད། ཁོ་མོས་བཤད་རྒྱུར། “ང་ཚོའི་སློབ་གྲྭའི་ནང་དུ་དཔེ་མཛོད་ཁང་ཞིག་ཡོད་མོད། འོན་ཀྱང་། དེ་རྡིབ་གྲབས་ཡོད་པས་ང་ཚོས་དེ་བེད་སྤྱོད་དེ་འདྲ་མང་བོ་མི་གཏོང་།” ཁོ་མོས་ཕ་ཡུལ་ནས་གདོང་ལེན་བྱེད་དགོས་པའི་གནད་དོན་ནི་རྨང་གཞིའི་སྒྲིག་ཆས་ཐབས་ཆག་ཡིན་པ་དེ་ཁོ་ན་མ་རེད། “སྤྱིར་དགེ་རྒན་བྱེད་རྒྱུ་དང་ལྷག་པར་དུ་གྲོང་གསེབ་ཏུ་དགེ་རྒན་བྱེད་རྒྱུ་ནི་དཀའ་གནད་ཆེ་བའི་དོན་ཞིག་རེད། ང་ཚོར་སློབ་ཁྲིད་ཡོ་ཆས་ཉུང་ཉུང་ཞིག་མ་གཏོགས་ཡོད་པ་མ་རེད། དེ་དག་ལས་ཀྱང་ཆེས་དཀའ་ངལ་ཆེ་བ་ནི་རང་ཉིད་ཀྱི་སློབ་ཕྲུག་ལ་ཇི་ལྟར་བྱས་ཏེ་མི་ཡ་རབས་ཤིག་བྱེད་སྟངས་ཁྲིད་རྒྱུ་དེ་རེད། སློབ་མ་ཚོར་མཁོ་བ་ནི་ནུས་རྩལ་ཁྲིད་རྒྱུ་དེ་ཁོ་ན་མ་ཡིན་པར། ད་དུང་ཁོང་ཚོར་ཅི་ལྟར་བྱས་ཏེ་སྦྱོང་དགོས་པ་དང་ཅི་ལྟར་བྱས་ཏེ་མི་སྡེའི་ཆ་ཤས་ཤིག་ཏུ་འགྱུར་རྒྱུའི་སྐོར་ལ་རོགས་རམ་བྱེད་རྒྱུ་དེ་རེད།”

གཅིག་བྱས་ན་ཁོང་མོས་ཆ་ཚང་ཞིང་རྨང་གཞི་བརྟན་པའི་སློབ་མ་གསོ་སྐྱོང་བྱེད་འདུན་ཡོད་པས་ཡིན་རྒྱུ་རེད། གང་ལྟར་ཁོ་མོས་སྔ་ས་ནས་བཟུང་སློབ་ཚན་ཇུས་འགོད་ཀྱི་ཐོག་ལ་དོ་སྣང་བྱས་སོང་། ཁོ་མོའི་སློབ་དཔོན་ཚོས་རིག་གནས་ཀྱི་ཐོག་ལ་ཅི་ལྟར་ཤུགས་སྣོན་རྒྱག་དགོས་པ་དང་། ཤེས་བྱ་གསར་པ་གང་ཞིག་ཡིན་རུང་སློབ་མའི་ཉམས་མྱོང་དང་ཁོར་ཡུག་དང་འབྲེལ་དགོས་པའི་གལ་ཆེན་རང་བཞིན་བསྟན་པ་བཅས་ཀྱིས་ཁོ་མོར་སྙིང་སྟོབས་བསྩ། ཁོ་མོས་བཤད་རྒྱུར། “སློབ་དེབ་ནི་ལག་ཆ་ཙམ་རེད། དེས་ཡོད་ཚད་ཀྱི་ཚབ་བྱེད་མི་ཐུབ།” དེ་ལས་ཀྱང་གལ་ཆེ་བ་ནི། ཁོ་མོ་དགེ་སློབ་ཀྱི་འབྲེལ་བར་ཡོད་ཆེས་ཡོད་ལ་དགེ་རྒན་ལ་སློབ་ཚན་དེ་སློབ་མའི་མི་ཚེ་དང་འབྲེལ་བ་ཡོད་པར་བཟོ་ཐུབ་པའི་ནུས་པར་ཡིད་ཆེས་ཡོད།

སྐལ་བཟང་སྐྱིད་ཧ་ཅང་མགྱོགས་པོའི་སྒོ་ནས་ཡར་རྒྱས་སུ་ཕྱིན་སོང་། ཁོ་མོས་སྔོན་ཆད་གློག་ཀླད་རྩ་བ་ཉིད་ནས་སྤྱད་མྱོང་མེད་ནའང་ཁོ་མོའི་སློབ་ཚན་གྱི་དམིགས་ཚད་ཡིན་ན་ཁོ་མོས་གཟའ་འཁོར་རེར་གློག་ཀླད་དུ་གཏགས་པི་ལས་བྱ་ཡར་སྤྲོད་དགོས། ནུས་རྩལ་འདི་ལའང་ཁོ་མོ་མི་འགྱངས་པར་བྱང་ཆུབ་པར་གྱུར་བ་དང་ཆབས་ཅིག་ཁོ་མོའི་རྩོམ་འབྲིའི་ནུས་པའང་མཐོར་འདེགས་ཆེན་པོ་བྱུང་། ༢༠༡༠ལོར་སྐལ་བཟང་སྐྱིད་ཀྱིས་སློབ་མཐར་ཕྱིན་སྐབས། དེ་སྔོན་སློབ་བསྡུའི་སྐབས་སུ་ཁོ་མོས་སློབ་གྲོགས་ཚོའི་རྗེས་ཆོད་མིན་ཐད་སེམས་ཁུར་ཡོད་པའི་སློབ་བསྡུའི་སློབ་སྟོན་པ་དེ་ཆེད་དུ་ཕེབས་ཏེ་ཁ་མོ་ལ་ཁོ་མོ་དཀའ་ངལ་ཚང་མ་ལས་རྣམ་པར་རྒྱལ་སོང་ལ་ཁོ་མོ་ནི་ཁོང་ཚོའི་འཛིན་གྲྭའི་ནང་གི་སློབ་མ་ལེགས་ཤོས་ཀྱི་གྲས་སུ་བགྲངས་ཡོད་ཅེས་གསུངས། 

མ་འོངས་པར་ཁོ་མོའི་ཞབས་རྗེས་སུ་འགྲངས་ངེས་པའི་དགེ་རྒན་ཚོར་དམིགས་ཏེ་ཁོ་མོས་བཤད་རྒྱུར། “ཁྱེད་རང་རིག་གནས་མི་འདྲ་བའི་ཁོར་ཡུག་ཅིག་ཏུ་སྡོད་དུས་དཀའ་ངལ་འདྲ་ཡོད་མོད། འོན་ཀྱང་། ཚང་མ་མི་ཡིན་པ་གཅིག་མཚུངས་རེད། ངོ་ཚ་བའམ་ཡང་ན་ནོར་འཁྲུལ་བཟོ་བར་ཞེད་སྣང་སྐྱེ་དགོས་མ་རེད། ཁྱེད་རང་གི་སེམས་སུ་ཅི་ཞིག་ཡོད་ན་ཁ་གདང་ནས་ཤོད་དང་། རང་ཉིད་ཀྱི་སྡོད་ཤག་ལས་ཕྱིར་བུད་ནས་ཕྱི་ལོགས་སུ་སོང་ནས་བྱ་དངོས་ཚང་མ་ཉམས་སུ་མྱོང་དང་། དེར་ཡང་སློབ་སྦྱོང་བྱེད་རྒྱུ་ཡོད།”

“གཞི་རིམ་གྱི་དགེ་རྒན་རྣམས་ལ་སྦྱོང་བརྡར་གྱི་གོ་སྐབས་མང་བོ་ངེས་པར་དུ་དགོས། གཞི་རིམ་དུ་ཡོད་པའི་དགེ་རྒན་རྣམས་ལ་ཁོང་ཚོ་སྡོད་སའི་མི་སྡེའི་ནང་དུ་མཐའ་ན་འགྱུར་བ་ཆུང་ཆུང་ཞིག་གཏོང་བར་ཡང་གོ་སྐབས་འདི་ལྟ་བུ་དངོས་གན་དགོས།” ཞེས་ཁོ་མོས་རང་ཉིད་ཨ་རིར་སྡོད་རིང་གི་དུས་ཡུན་ལ་ཕྱིར་དྲན་བྱེད་བཞིན་མུ་མཐུད་དུ་བཤད་རྒྱུར། “ངའི་མཐོང་ཐོས་ཅི་ཙམ་མང་དུ་སོང་ན་ངས་སློབ་གསོའི་གལ་ཆེན་རང་བཞིན་དེ་ཙམ་མང་དུ་རྟོགས།”སྤྱི་ཟླ་བདུན་པའི་ཚེས་༡ཉིན་སྐལ་བཟང་སྐྱིད་ཕྱིར་ཕ་ཡུལ་མཚོ་སྔོན་དུ་ལོག་སྟེ་ལོ་ངོ་གཉིས་དང་ཕྱེད་ཀའི་ནང་ནས་ཐེངས་དང་པོར་རང་ཉིད་ཀྱི་ཁྱོ་་དང་ཕྲུ་གུ་མཉམ་དུ་ལྷན་འཛོམས་བྱུང་། འདི་ལོའི་སྟོན་ཁ་ཁོ་མོས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་རང་ཉིད་ཀྱི་དེ་སྔའི་ཕུལ་དུ་བྱུང་བའི་དབྱིན་ཇིའི་སྐད་ཡིག་གི་འཛིན་གྲྭའི་དགེརྒན་གྱི་ལས་འགན་ཕྱིར་ལེན་རྒྱུ་རེད།