You are here

སོག་པོ་རྣམས་ག་པར་ཕྱིན་པ་རས།
Hong Jiang

འདས་པའི་ལོ་ངོ་བཅུ་ཕྲག་གསུམ་གྱི་རིང་ཀྲུང་གོའི་དཔལ་འབྱོར་མྱུར་ཚད་མགྱོགས་པོའི་ངང་འཕེལ་རྒྱས་བྱུང་ནས་ལོ་བདུན་ནས་བརྒྱད་རེ་ལ་ལྡབ་རེ་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག་ཀྲུང་གོའི་ནང་གི་དཔལ་འབྱོར་ཧེ་བག་དང་། སྤྱི་ཚོགས་ནང་ལ་འདོད་བློ་མ་ཁེངས་པའི་བསམ་པ། ཁོར་ཡུག་གི་གནད་དོན་བཅས་ཇེ་སྡུག་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། དེ་དག་གི་སྟེང་ལ། ཀྲུང་གོའི་ནུབ་ཕྱོགས་ཀྱི་བོད་དང་ནང་སོག་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཚོས་རང་གི་རིག་གནས་གསོན་གནས་ཀྱི་གནད་དོན་འཕར་མ་དེར་གདོང་ལེན་བྱ་དགོས་ཀྱི་ཡོད། ས་ཁུལ་དེ་ཚོའི་ནང་གི་འཕེལ་རྒྱས་ཀྱི་ལས་འགུལ་དེ་ཀྲུང་གོའི་མཚོ་འགྲམ་དུ་གནས་པའི་ཞིང་ཆེན་ཁག་གི་དཔལ་འབྱོར་གྱི་ལམ་ལུགས་ལ་མིག་དཔེ་ལྟ་བ་དང་། དེས་ན་གྲངས་ཉུང་མི་རིགས་དེ་ཚོར་རྒྱུན་པར་དཔལ་འབྱོར་འཕེལ་རྒྱས་ལ་ཁ་ཕྱོགས་དགོས་སམ་ཡང་ན་སོ་སོའི་རིག་གནས་ཆ་ཚང་རྒྱུན་འཁྱོངས་བྱེད་དགོས་མིན་ལ་ཤིན་དུ་ནས་ལག་ལེན་དཀའ་བའི་འདམ་ཀ་ཞིག་འཕྲད་ཀྱི་ཡོད། དཔལ་འབྱོར་འཕེལ་རྒྱས་གཙོ་བོར་འཛིན་པའི་སྲིད་ཇུས་དེ་ལག་བསྟར་བྱེད་མཁན་ཞིག་ཡིན་པའི་ཆ་ནས། སོག་པོ་རྣམས་དཀའ་གནད་དེའི་འཐབ་ས་མདུན་མར་གནས་ཡོད།

དཔྱད་རྩོམ་འདིས་ཀྲུང་གོའི་འཕེལ་རྒྱས་ཀྱི་འགུལ་ཤུགས་ཁྲོད་དུ་སོག་པོ་ཚོའི་ས་ཆ་ཤོར་པ་དང་རིག་གནས་གཏོར་བརླག་སོང་བའི་སྐོར་ལ་གྲོས་བསྡུར་བྱས་ཡོད། དཔྱད་རྩོམ་འདིའི་གྲུབ་ཆ་མང་ཆེ་བ་ནི་ནང་སོག་གི་དབུས་སུ་ཆགས་པའི་ཨོར་ཏོ་སཱེ་མཐོ་སྒང་དུ་ལོ་ངོ་བཅུ་ཕྲག་ཅིག་ཙམ་རིང་གི་ཞིབ་འཇུག་ལ་དཔྱད་གཞི་བྱས་པ་ལས་གྲུབ་པ་ཞིག་ཡིན་པ་དང་། སྤྱི་ལོ་༡༩༩༡ལོར་ངའི་ཞིབ་འཇུག་སློབ་མའི་སློབ་གཉེར་འགོ་ཚུགས་ཏེ་སྒྱུར་བཅོས་རྗེས་ཀྱི་དུས་རབས་ནང་ཁོར་ཡུག་དང་འབྲེལ་བའི་ཁྲིམས་མཐུན་ལག་ལེན་སྐོར་ལ་དཔྱད་དཔོག་བྱས་པ་ཡིན། སྐབས་དེ་དུས་ངའི་ངོས་ནས་ཀྲུང་གོའི་ཁོར་ཡུག་གི་མ་འོངས་པར་སྤྲོ་སྣང་ལྡན་ཡོད་མོད། འོན་ཀྱང་ལོ་ཤས་རྗེས་སུ་ངས་སོག་པོའི་རྩ་ཐང་དང་རིག་གནས་མྱུར་པོའི་ངང་གཏོར་བརླག་འགྲོ་བ་མཐོང་སྐབས་སྤྲོ་སྣང་དེ་སྤྱིར་ན་མེད་པར་གྱུར། 

ད་ལྟའི་ཆར་མི་འབོར་གྱི་བརྒྱ་ཆ་༨༠ཐམ་པ་རྒྱ་རིགས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཏེ། ནང་སོག་ནི་ལོ་རབས་༨༠ནང་ཀྲུང་གོའི་སྒྱུར་བཅོས་སྲིད་ཇུས་ཐོག་མར་དང་ལེན་བྱེད་མཁན་གྱི་གྲས་ཤིག་རེད། ཀྲུང་གོའི་གྲོང་གསེབ་ས་ཁུལ་དུ་གལ་ཆེའི་སྒྱུར་བཅོས་སྲིད་ཇུས་ཤིག་ཡོད་པ་ནི་ཁྱིམ་ཚང་འགན་གཙང་ལམ་ལུགས་ཅེས་པ་དེ་ཡིན་པས། ལོ་རབས་༦༠དང་༧༠ཡི་ཐོན་སྐྱེད་མཉམ་ལས་ཀྱི་སྤྱི་ལ་དབང་བའི་ས་ཞིང་དང་སྒོ་ཕྱུགས་སོགས་ཡང་བསྐྱར་ཁྱིམ་ཚང་ལ་བགོ་བཤའ་བརྒྱབ་པ་རེད།  ནང་སོག་དེ་སྒོ་ཕྱུགས་དང་རྩ་ས་གཉིས་ཀ་ཁྱིམ་ཚང་ལ་བགོ་བཤའ་ཉིས་སྐོར་བརྒྱབ་པའི་འབྲོག་ཁུལ་དཔེ་མཚོན་ཅན་ཞིག་བཟོས་པ་རེད། རྩ་སར་ར་བ་སྐོར་རྒྱུར་སྐུལ་འདེད་བཏང་ཏེ་ལོ་རབས་དགུ་བཅུ་པའི་ནང་དུ་ཨོར་ཏོ་སཱེ་ནང་གི་བེད་སྤྱོད་ཡོད་པའི་རྩ་ས་ཚང་མར་ར་བ་བསྐོར་བ་རེད།

སྲིད་གཞུང་གིས་ར་སྐོར་ལེགས་འགྲུབ་དེ་འཕེལ་རྒྱས་ལམ་བུའི་ཐོག་གི་རླབས་ཆེའི་ཡར་རྒྱས་ཤིག་ལ་ངོས་འཛིན་ནས་བསྟོད་བསྔགས་བྱས། འོན་ཀྱང་རྩ་ས་སྒེར་བདག་གི་མི་ལེགས་པའི་ཕྱོགས་ཀྱི་ཤུགས་རྐྱེན་གང་མགྱོགས་གསལ་པོར་མངོན་པ་རེད། དེ་ཡང་ཕྱུགས་རིགས་གསོ་ཚགས་བྱེད་ཤུགས་ཆེ་དྲགས་པ་དང་རྩ་སའི་སྤུས་ཚད་ཉམས་ཞན་དུ་འགྲོ་བ་བཅས་མྱུར་དུ་གལ་གནད་ཅན་གྱི་དཀའ་རྙོག་ཆགས་པའི་འགོ་ཚུགས་པ་རེད། འདས་པའི་དུས་སུ་མཉམ་སྡེབ་ཀྱི་རྩ་ས་དེ་སོག་པོའི་འབྲོག་ལས་ཐོན་སྐྱེད་ཙམ་མ་ཟད་ས་ཁུལ་དེའི་ཁྱོན་ཡོངས་ཀྱི་རིག་གནས་གྲུབ་ཆའི་བརྟེན་ཁུངས་གལ་ཆེན་ཞིག་ཡིན། ལོ་རབས་དགུ་བཅུ་པའི་དུས་མཇུག་ཙམ་དུ་ནང་སོག་ཤར་ཁུལ་དུ་ལས་ཀ་བྱེད་མྱོང་བའི་མིའི་རིགས་རིག་པ་ཞིབ་འཇུག་མཁན་ཌེམཱརཁཱ་ཝིལཱམ་སཱེ་ལྟར་ན། རྩ་ས་སྒེར་བདག་གི་རྐྱེན་གྱིས་སོག་པོའི་རིགས་གནས་ལ་གཏོར་སྐྱོན་ཕོག་ཚད་ནི་མའོ་དུས་རབས་ལས་ཀྱང་ཚབས་ཆེ་བ་ཡོད་པ་རེད།

རྩ་ས་སྒེར་བདག་དང་ཆབས་ཅིག་ས་ཆ་བེད་སྤྱོད་བྱེད་ཤུགས་ཆེ་རུ་སོང་བ་དང་དེ་ལས་ཚགས་དམ་ཤོས་ཞིག་ནི་ཞིང་ཆུའི་ཆ་རྐྱེན་བསྐྲུན་པ་བརྒྱུད་ས་ཞིང་མྱུར་པོ་ངང་རྒྱ་སྐྱེད་གཏོང་བ་དེ་ཡིན། ཨོར་ཏོ་སཱེ་ས་ཁུལ་ནི་ཆར་ཆུ་དཀོན་པའི་བྱེ་སའི་ས་ཆ་ཞིག་ཡིན་པས། ལོ་རེའི་ཆར་པ་འབབ་ཚད་དེ་༼ཧ་ལམ་ལྷ་ས་ས་ཁུལ་དང་འདྲ་བ་དང་ཉིའུ་ཡོག་གྲོང་ཁྱེར་གྱི་གསུམ་ཆ་གཅིག་ཙམ་༽ཧའོ་རྨིད་གསུམ་བརྒྱ་ནས་ལྔ་བརྒྱ་ཙམ་ལས་མེད། ས་ཁུལ་དེའི་ས་འོག་ཆུ་གཏིང་ཐུང་བས་སྟབས་བདེ་པོའི་ངང་ཡར་འདྲེན་ཐུབ་ཀྱི་ཡོད་ཕྱིར། ཞིང་ཆུ་འདྲེན་པར་དམིགས་བསལ་གྱི་ངལ་རྩོལ་ནུས་ཤུགས་སམ་ལག་རྩལ་དགོས་ཀྱི་མེད། ཧྲའན་ཥི་ལྷོ་ཁུལ་གྱི་རྒྱ་རིགས་ཞིང་པའི་གམ་ནས་སློབ་སྦྱོང་བྱས་པའི་ཁྲོན་པ་འདྲུ་སྟངས་ཀྱི་ལག་རྩལ་ལ་བརྟེན་ནས་ཨོར་ཏོ་སཱེ་ས་ཁུལ་གྱི་སོག་པོ་རྣམས་ཀྱིས་མྱུར་པོའི་ངང་ཞིང་ཆུ་འམ་ཆུ་ཡུར་རྒྱ་སྐྱེད་ཐུབ་ཀྱི་ཡོད། དེས་ན་མ་རྨོས་ལོ་ཏོག་དང་ཆུ་མང་དགོས་པའི་ལོ་ཏོག་རིགས་འདེབས་འཛུགས་བྱེད་ཀྱི་ཡོད། ད་ལྟའི་ཆར་ཨོར་ཏོ་སཱེ་ས་ཁུལ་གྱི་སོག་པོ་རྣམས་ལ་ཧྲའན་ཥི་ཡི་དབུལ་ཞན་གྱི་ཁྱིམ་མཚེས་རྒྱ་རིགས་ལས་མང་བའི་རྨོ་ཞིང་ཡོད་དོ།

ཚད་གཞི་མྱུར་བའི་ཞིང་ཆུའམ་ཆུ་ཡུར་རྒྱ་སྐྱེད་བྱེད་པ་ཕུད། ད་དུང་རྩ་སའམ་རྩ་ཐང་གི་སྤྱིའི་ཐོན་སྐྱེད་ནུས་པ་མཐོ་རུ་གཏོང་བའི་མཐུན་སྦྱོར་གཅིག་གྱུར་གྱི་འབད་རྩོན་བྱས་ཡོད་པ་རེད། མའོ་ཙེ་ཏུང་རྗེས་ཀྱི་ཀྲུང་གོས་མའོ་ཡིས་རང་བྱུང་ཁམས་ལ་འཐབ་རྩོད་ཀྱི་གཟུགས་བརྙན་དེ་ལས་བྲལ་བའི་འབད་རྩོན་ཆེན་པོ་བྱས། ཀྲུང་གོའི་བྱང་ཕྱོགས་སུ་འབད་རྩོན་དེ་ལྗང་མདོག་གི་ལྕགས་རི་རིང་པོའི་རྣམ་པའི་ཐོག་ནས་བྱས་པ་དང་། དེ་ནི་སྤྱི་ལོ་༡༩༧༨ལོར་འགོ་བཙུགས་པའི་ཀཱོ་པཱི་བྱེ་ཐང་གི་རྒྱ་སྐྱེད་མཚམས་འཇོག་པའི་ཤིང་འཛུགས་ནགས་བཟོའི་ལས་གཞི་ཞིག་ཡིན། ལྡུམ་བུའི་རིགས་དང་རྩའི་རིགས་ཐད་ཀར་བྱེ་ཐང་ཐོག་ཏུ་འདེབས་འཛུགས་བྱས་པ་དང་། ས་ཁུལ་ནང་གི་རྩའི་ཁེབས་ཚད་དེ་བས་རྒྱ་སྐྱེད་གཏིང་ཟབ་ཡོང་ཆེད་གནམ་ཐོག་སོན་གཏོར་གྱི་བྱ་ཐབས་ཀྱང་འཚོལ་ཞིབ་བྱས་པ་རེད།

གཅིག་རྗེས་གཉིས་མཐུད་ཀྱི་དངོས་ཡོད་ལག་བསྟར་དེ་དག་ལས་མཇུག་འབྲས་ཅི་འདྲ་ཞིག་ཐོབ་ཡོད་དམ་ཞེ་ན། ཐོག་མར་ང་ཚོས་རྩ་སའམ་རྩ་ཐང་གི་འགྱུར་བར་གཅིག་བལྟ་བར་བྱེད། ད་ལྟ་ཆར་ས་ཆ་མུའུ་ཁྲི་ཚོ་ལྔ་བཅུ་ཙམ་ཁྱབ་པའི་ལྗང་མདོག་ལྕགས་རི་རིང་པོ་ནི་སའི་གོ་ལའི་ཐོག་གི་མི་བཟོས་ནགས་ཚལ་གཞི་རྒྱ་ཆེ་ཤོས་དེ་ཡིན་པ་རེད། སྤྱི་ལོ་༢༠༠༡ལོ་ཟིན་དུས་སོག་པོ་འདུས་སྡོད་ཁུལ་ཨོར་ཏོ་སཱེ་ཡི་སྐམ་ཤེད་ཆེ་བའི་དབུས་དཀྱིལ་སྡེ་གྲོང་ཞིག་ནང་གི་མི་རེའི་ལྗོན་ཤིང་འཐོབ་ཚད་དེ་ལོ་རབས་བརྒྱ་བཅུ་པའི་སྡོང་རྐང་༢༠༠ནས་༣༠༠བར་ནས་ད་ལྟའི་༢༠༠༠ཙམ་ལ་མང་དུ་ཕྱིན་ཡོད་པ་རེད། འོན་ཀྱང་འདེབས་འཛུགས་བྱས་པའི་ལྗོན་ཤིང་མང་ཆེ་བ་ནི་ཆུ་མང་པོས་རྒྱུན་སྲིང་བྱ་དགོས་པའི་རྒྱ་ལྕང་འབའ་ཞིག་རེད།

ལྡུམ་བུའི་རིགས་དང་རྩའི་རིགས་མང་དུ་སོང་མོད་ཀྱང་། དུས་རིམ་དེའི་རིང་རྩ་ས་ཁྱོན་ཡོངས་ཀྱི་སྤུས་ཚད་མངོན་གསལ་དོད་པོའི་ངང་སྡུག་ཏུ་ཕྱིན་པ་རེད། སྒོ་ཕྱུགས་གསོ་ཚགས་བྱས་དྲགས་པ་ནི་ལོ་རབས་དགུ་བཅུ་པའི་དུས་མཇུག་ཏུ་ཚབས་ཆེ་བའི་དཀའ་རྙོག་ཅིག་ཆགས་ཚར་ཡོད་པ་རེད། སྔོན་མ་རྩ་པུས་མོའི་ཐོག་ཏུ་སླེབས་པའི་རོང་སའི་རྩ་ཐང་སྤུས་ལེགས་དག་ད་ལྟའི་ཆར་རྩ་ཟད་ནས་ས་ལ་ཐུག་ཡོད་པ་རེད། རོང་སའམ་ས་དམའ་སའི་ཆུའི་བང་རིམ་དམའ་རུ་སོང་རྐྱེན་བྱེ་མའི་འགུལ་སྐྱོད་བསླངས་ཡོད་པ་རེད། འགུལ་སྐྱོད་ཅན་གྱི་བྱེ་མས་ས་ཆའི་ཁེབས་ཚད་དེ་ས་ཆའི་སྤྱིའི་གནས་བབས་ཀྱི་ཚད་འཇལ་བྱེད་སྟངས་ལྟར་ན་བརྒྱ་ཆ་༥༠ཙམ་ཟིན་གྱི་ཡོད། འོན་ཀྱང་ཚད་དེ་ལོ་རབས་བརྒྱ་བཅུ་པའི་དུས་དང་གཅིག་མཚུངས་སུ་གནས་ཡོད་པ་རེད། ལོ་ངོ་བཅུ་ཕྲག་རིང་གི་རང་བྱུང་སྣོད་བཅུད་ལ་ལེགས་བཅོས་གཏོང་བའི་འབད་རྩོན་དེས་གཅིག་ནས་རྩ་ཐང་གི་སྤུས་ཚད་ལ་ཡར་རྒྱས་གཏོང་ཐུབ་མེད་ལ་གཞན་ནས་སྤྱིའི་སྣོད་བཅུད་མ་ལག་ལ་ཡང་ལེགས་བཅོས་མ་ཐུབ་པ་ལྟར་སྣང་དུ་འཆར་གྱི་འདུག

ངས་ཟུར་ཟའི་གོ་དོན་ལྡན་པའི་དངོས་དོན་ལ་ཤེས་རྟོགས་ཐུབ་ཡོང་དུས་མའོ་ཙེ་ཏུང་རྗེས་ཀྱི་རང་བྱུང་ཁོར་ཡུག་གི་མ་འོངས་པའི་ཐོག་གི་ངའི་སྤྲོ་སྣང་དེ་སེམས་ཁུར་ལྗིད་པོ་ཞིག་གིས་བརྗེ་ཚབ་བྱས་སོང་། མའོ་ཙེ་ཏུང་རྗེས་ཀྱི་རང་བྱུང་སྣོད་བཅུད་ཐོག་གི་སྲིད་ཇུས་དེ་ནི་མའོ་ཡི་རང་བྱུང་ཁམས་ལ་འཐབ་རྩོད་བྱེད་པ་དང་གཅིག་མཚུངས་ཀྱི་གཏན་ཚིགས་རིག་པའི་རྗེས་འབྲང་བྱས་ཡོད་པ་ནི། འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་དབང་སྒྱུར་དང་ཚོད་འཛིན་བྱ་རྒྱུ་དེ་རེད།  ས་གཞི་ལེགས་བཅོས་ཀྱི་ལས་གཞི་ཡིས་རྩ་ཐང་གི་སྣོད་བཅུད་དེ་སྔོན་ལྟར་སླར་གསོ་བྱ་རྒྱུའི་ཚབ་ལ་ཐོན་སྐྱེད་ནུས་པ་ལྡན་པའི་ས་ཆ་གསར་པ་ཞིག་བཟོ་འགོ་བཙུགས་པ་རེད། དེའི་མཇུག་འབྲས་ནི་ཕྱིན་ཅི་ལོག་པ་ཞིག་ཡིན་། ལམ་ལྷོང་མ་བྱུང་བ་དེས་རྩོད་རྙོག་ཅན་གྱི་སྣོད་བཅུད་གནས་སྤོ་ཞེས་པའི་ལས་གཞི་དེ་སྤེལ་ཚད་ མགྱོགས་སུ་བཏང་བ་དང་། སྤྱི་ལོ་༢༠༠༠ལོར་སླེབས་དུས་མི་གནས་སྤོས་བྱས་པའི་རྐྱེན་གྱིས་རྩ་ཐང་གི་སྤུས་ཚད་ཉམས་ཞན་ཚབས་ཆེ་སོང་བ་རེད།

འོན་ཏེ་སོག་པོ་རྣམས་ཀྱི་འཚོ་བ་འབྱོར་ཕྱུག་དང་ལྡན་པ་ཞིག་ཡིན་ནམ་ཞེ་ན། དཔལ་འབྱོར་གྱི་ཐོག་ནས་ཁོ་ཚོ་མང་ཆེ་བ་འབྱོར་ཕྱུག་དང་ལྡན་པ་ཞིག་རེད། ཡིན་ཡང་དེར་བཏང་བའི་རིན་དོད་གང་ཡིན་ནམ། སྦའི་ལཱ་ཅཱི་ནི་ལོ་རབས་བརྒྱ་བཅུ་པའི་ནང་ཞིང་ཆུ་འདྲེན་བྱེད་ཀྱི་ལག་རྩལ་ཐོག་མར་དང་ལེན་བྱེད་མཁན་གྱི་སོག་རིགས་ཞིང་པ་ཞིག་ཡིན་པ་དང་། ཁོང་གིས་རང་གི་ཅི་བྱ་གཏོད་བྲལ་གྱི་གནས་སྟངས་སྐོར་ལ་གཏམ་གླེང་བྱས་དོན། ང་ཚོར་ཀྲུང་གོའི་སྲིད་གཞུང་གིས་མགོ་སྐོར་བཏང་བའི་ཚོར་བ་ཞིག་ཡོང་གི་འདུག་སྟེ། ང་ཚོའི་མེས་པོ་ཚོས་སོ་ནམ་གྱི་ལས་ལས་ཀྱི་མེད། འོན་ཀྱང་ང་ཚོར་བཙན་ཤེད་ཀྱིས་སོ་ནམ་ལས་སུ་བཅུག་པ་རེད།

སོ་ནམ་གྱི་ལས་ཀ་ནི་ཧ་ཅང་དཀའ་ལས་ཁག་པ་ཞིག་རེད། ཡིན་ཡང་གལ་ཏེ་ང་ཚོས་སྔོན་གྱི་འབྲོག་ལས་ཀྱི་འཚོ་བར་བསྐྱར་ལོག་བྱས་ཚེ་ངས་ནི་འཚོ་བའི་ཆུ་ཚད་དམའ་བོ་དེར་གོམས་འདྲིས་རྩ་བ་ནས་བྱེད་ཐུབ་པ་མི་འདུག ད་ལྟའི་ཆར་ང་ནི་སོ་ནམ་གྱི་ལས་ལ་གོམས་ཡོད་པ་མ་ཟད་ཞིང་པ་མྱོང་བ་ཅན་ཞིག་ཡིན་ཞེས་ཁོང་གིས་གསུངས།


སྦའི་ལཱ་ཅཱི་ཡི་བུ་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་པའོ་ཐཱོ་ཡི་སློབ་གླིང་ཞིག་ལ་ཚུད་ནས་རྗེས་སུ་རྩ་ཐང་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་ཀྱི་མེད་གཤིས། ཁོང་དགའ་སྤྲོས་མྱོས་ཤིང་མཆིས། འདས་པའི་ལོ་ངོ་འགའ་ཞིག་རིང་ཨོར་ཏོ་སཱེ་ས་ཁུལ་ནང་རྡོ་སོལ་དང་སོལ་རླངས་ཀྱི་ཐོན་སྒོ་ཕྱེས་པས། གྲོང་གསེབ་ཀྱི་ཞོར་ལས་དང་གྲོང་ཁྱེར་རྒྱ་སྐྱེད་དབང་གིས་སོག་པོ་དེ་བས་མང་བ་རྩ་ཐང་ནས་ཁ་གྱེས་འགྲོ་གིན་ཡོད། ཕྱིར་མ་སོང་བར་ས་གནས་དེ་རང་དུ་སྔར་བཞིན་འཚོ་སྡོད་བྱེད་མཁན་ཚོའི་ངོས་ནས་བརྗོད་ན། སོག་པོའི་འབྲོག་ལས་གོམས་སྲོལ་དང་རིག་གནས་ཀྱི་དངོས་པོའི་བརྟེན་གཞི་སྟེ་རྩ་ཐང་ལ་རྦད་དེ་ཕྱིར་མི་ལྡོག་པའི་འགྱུར་བ་ཐེབས་ཡོད་པ་རེད།

ཨོར་ཏོ་སཱེ་ས་ཁུལ་གྱི་སོག་པོའི་སྤྱི་ཚོགས་ཀྱི་མ་འོངས་པར་བསམ་ཞིག་བྱེད་དུས་ངའི་ཡིད་ལ་སྦིལ་མཱོ་ཡཱར་སཱེ་ཡི་རང་བྱུང་ཁམས་དང་སྙིང་སྟོབས་ཅེས་པ་དེ་ཝ་ལེར་འཁོར། དེས་འཛམ་གླིང་གི་སེམས་ཁམས་སྲོལ་རྒྱུན་དག་དང་སྲོལ་རྒྱུན་དག་གི་རང་བྱུང་ཁམས་ཀྱི་ལྟ་བའི་སྐོར་ལ་འཚོལ་ཞིབ་བྱས་ཡོད་དེ། སྔོན་གྱི་དུས་ཤིག་ལ་ཐོན་ལས་གསར་སྤེལ་མཁན་ཞིག་ཨ་རིའི་ས་སྐྱེས་རྡོ་སྐྱེས་ཀྱི་ས་བདག་རྒད་མོ་ཞིག་གི་གམ་དུ་བཅར་ནས། གལ་ཏེ་ཁྱེད་ཚོས་ཁྱེད་ཚོའི་གནས་རིའི་ཐོག་གངས་ཤུད་གཏོང་སའི་གུང་སེང་སྤྲོ་གནས་ཤིག་བསྐྲུན་བཅུག་ཚེ། ང་ཚོས་ས་གནས་འདི་ཡར་རྒྱས་གོང་འཕེལ་ཡོང་རྒྱུར་ཁས་ལེན་བྱས་ཆོག་ཅེས་བཤད་པ་རེད། ཁོང་གིས་“རིན་ཐང་མ་གཅིག་པའི་ཡར་རྒྱས་གོང་འཕེལ་”ཞེས་གསུངས་པ་དང་། དཀའ་མོལ་དེས་རིག་གནས་བློས་གཏོང་གིས་ཁེ་འབབ་འཚོལ་བ་མཚོན་པར་བྱེད་ཀྱི་ཡོད།

དེ་ནི་ད་ལྟའི་ཆར་ཨོར་ཏོ་སཱེ་ས་ཁུལ་གྱི་སོག་པོ་ཚོར་གང་ཡོད་པ་དེ་རེད། དེ་ཡང་སོག་པོའི་རིག་གནས་ལོ་རྒྱུས་དང་མ་འོངས་པ་གཉིས་སྣང་མེད་དུ་འཇོག་པའི་རིན་ཐང་མ་གཅིག་པའི་འཕེལ་རྒྱས་དེ་རེད། སོག་པོ་རྣམས་དངོས་པོའི་འཚོ་བ་ལེགས་པོ་ཞིག་དང་སྲོལ་རྒྱུན་རིག་གནས་རྒྱུན་འཁྱོངས་གཉིས་ཀྱི་བར་ཅི་བྱ་གཏོད་བྲལ་དུ་གནས་ཡོད་དེ། དངོས་པོའི་འཚོ་བ་ལེགས་པོ་ཞིག་གི་རྗེས་སུ་སྙེག་ཚེ་རང་གི་སྲོལ་རྒྱུན་རིག་གནས་ཉིལ་ཟད་འགྲོ་ཡི་ཡོད་པ་རེད། ཁོ་ཚོར་རང་གི་འདམ་ཀ་གང་ཡིན་སྐོར་ལ་ཏོག་ཙམ་བསྡད་དེ་མནོ་བསམ་བྱེད་པའི་དུས་ཚོད་ཅིག་དང་། ཁོ་ཚོ་རང་ཉིད་ལ་མ་འོངས་པ་གང་འདྲ་ཞིག་དགོས་མིན་སྐོར་ལ་ཐག་གཅོད་བྱེད་པའི་གོ་སྐབས་ཤིག་འཐོབ་ཐུབ་བམ།

ཀྲུང་གོའི་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་ནང་ནས་ནང་སོག་ནི་དབུས་གཞུང་དང་དེས་བས་འབྲེལ་ལམ་དམ་ཟབ་དང་ཅི་བཤད་ལག་བསྟར་བྱེད་མཁན་ཞིག་ཡིན་པས། གལ་ཏེ་སོག་པོ་ཚོ་ཏང་ཤོག་གི་དཔེ་མཚོན་ཅན་གྱི་གྲངས་ཉུང་མི་རིགས་ཤིག་ཆགས་པ་དང་། ད་ལྟའི་དབུས་གཞུང་གི་སྲིད་ཇུས་སྔར་བཞིན་གནས་ཚེ། ད་ལྟ་ཁོ་ཚོས་མྱོང་བཞིན་པའི་ས་ཆ་དང་རིག་གནས་གཏོར་བརླག་གི་གནས་སྟངས་དེ་གྲངས་ཉུང་མི་རིགས་གཞན་ཚོས་རྗེས་སུ་མྱོང་དགོས་པ་མཚོན་གྱི་ཡོད་སྙམ།


འབུམ་རམས་པ་ཧུང་ཅང་ ནི་ཧ་ཝའི་ཡཱི་གཙུག་ལག་སློབ་ཆེན་གྱི་མཱ་ཎོ་ཨཱ་ཞོར་གཏོགས་སློབ་ཆེན་གྱི་ས་ཁམས་རིག་པའི་སློབ་དཔོན་གཞོན་པ་རེད། སྤྱི་ལོ་༡༩༩༧ལོར་མཱ་སཱ་ཆཱུ་སཱེ་ཙཱེ་ནང་གི་ཁཱ་ལཱར་ཁཱ་གཙུག་ལས་སློབ་ཆེན་ནས་མཐར་ཕྱིན་ཏེ་འབུམ་རམས་པའི་མིང་བཏགས་ཐོབ། ཁོང་གིས་གཙོར་ཀྲུང་གོའི་ནང་གི་གྲངས་ཉུང་མི་རིགས་དང་རང་བྱུང་གཏེར་ཁུངས་བེད་སྤྱོད་དང་། ཀྲུང་གོ་བས་རང་བྱུང་ཁམས་ལ་འཛིན་པའི་བསམ་བློ། ཁོར་ཡུག་བསམ་བློ་ཆབ་སྲིད་བཅས་ཀྱི་ཐོག་ལ་ཞིབ་འཇུག་བྱེད་ཀྱི་ཡོད། ཁོང་གི་དཔྱད་རྩོམ་དག་རང་བྱུང་ཚན་རིག་དང་། ས་ཁམས་རིབ་པ་དཔྱད་གླེང་། ཨ་རིའི་ས་ཁམས་རིག་པ་མཁས་ཅན་མཐུན་ཚོགས་ཀྱི་དེབ་ཐེར། མིའི་རིགས་ཀྱི་སྣོད་བཅུད་རིག་པ་སོགས་ཀྱི་རིག་གཞུང་དུས་དེབ་ནང་བཀོད་ཡོད་པ་རེད། དཔྱད་རྩོམ་འདི་ཀུན་ཕན་ཐེབས་རྩ་ཚོགས་པས་གོ་སྒྲིག་བྱས་པའི་ཉིན་གཉིས་རིང་གི་ཀྲུང་གོའི་ནང་གི་འབྲོག་སའི་སྲིད་ཇུས་དང་ཁོར་ཡུག་ཉམས་ཞན་ཞེས་པའི་ཐོག་གི་རིག་གཞུང་ཚོགས་འདུ་སྟེ། གཡག་རྣམས་གང་དུ་ཕྱིན་སོང་བ་རེད་དམ་ཞེས་པའི་ཐོག་ཁོང་གི་སྤྱན་བསྟར་ངོ་སྤྲོད་ལ་གཞིགས་ནས་གྲུབ་པ་ཞིག་རེད།