You are here

རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ། པོད་དང་པོ།

ཁྱད་དུ་འཕགས་པའི་བོད་ཀྱི་རིག་གནས་དང་བོད་ཀྱི་སྲིད་པའི་དཔལ་ཡོན་གྱི་ལོ་རྒྱུས་དེ་བོད་ཀྱི་སྐད་ཡིག་དང་འབྲེལ་བ་དམ་པོ་ཡོན།དེའི་ཕུན་སུམ་ཚོགས་པའི་རྩོམ་རིག་ཤུལ་བཞག་རྒྱུ་རྫས་ཀྱིས་འཛམ་གླིང་རྩོམ་རིག་ལོ་རྒྱུས་ཁྲོད་དུ་ཐུན་མོང་མ་ཡིན་པའི་གོ་གནས་ཤིག་བཟུང་ཡོད། འོན་ཀྱང་དུས་རབས་ཉི་ཤུ་པའི་དུས་དཀྱིལ་དུ། བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་སའི་ཁོར་ཡུག་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་བོད་ཡིག་བཀོད་སྤྱོད་ཐད་ལ་བཀག་འགོག་དང་གཉའ་གནོན་གྱི་དུས་སྐབས་ཤིག་དང་། དེའི་རྗེས་སུ་སྤྱི་ཚོགས་ཐོག་བོད་ཡིག་སླར་གསོ་དང་བོད་ཡིག་རྒྱ་ཆེ་སྤྱོད་རྒྱུར་སྐུལ་འདེད་ཀྱི་དུས་སྐབས་ཤིག་ཀྱང་བརྒྱུད་ཡོད། དེ་ནས་བཟུང་། སྐད་ཡིག་གཞན་ལས་རིག་གཞུང་ཚན་ཁག་སྟེ། དཔེར་ན་ཚན་རིག་དང་ཁྲིམས་ལུགས། ཚོང་ལས།དོ་དམ་རིག་པ་དང་ཆ་འཕྲིན་ཚན་རྩལ་སྐོར་གྱི་ཐ་སྙད་དང་རྩོམ་ཡིག་སོགས་འབད་བརྩོན་ཆེན་པོའི་ངང་བོད་ཡིག་ཏུ་བསྒྱུར་ཡོད།
དུས་རབས་ཉེར་གཅིག་ནང་བོད་ཀྱི་སྐད་ཡིག་གི་གོ་གནས་ཉིན་རེ་བཞིན་བརྟན་པོ་མེད་པའི་གནས་བབས་སུ་ལྷུང་ཡོད་པར་རྟེན་ནས། ཀུན་ཕན་ཐེབས་རྩ་ཚོགས་པ་དང་ཀོ་ལོམ་སྦི་ཡ་སློབ་གྲྭ་ཆེན་མོའི་ཤར་ཨེ་ཤི་ཡའི་སྐད་དང་རིག་གཞུང་ཚན་ཁག ཞང་ཞུང་སློབ་གཉེར་ཁང་། ཀོ་ལོམ་སྦི་ཡ་སློབ་གྲྭ་ཆེན་མོའི་ཝེ་ཐར་ཧེ་ཊི་ཤར་ཨེ་ཤི་ཡའི་ཞིབ་འཇུག་ཁང་། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་བཅས་ཀྱིས་རྩ་འཛུགས་བྱས་ཏེ་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དེ་ཀོ་ལོམ་སྤི་ཡ་སློབ་གྲྭ་ཆེན་མོར་འཚོགས་པ་ཡིན། ཚོགས་འདུ་འདི་ཚོགས་ཆུང་བཅུ་གཅིག་ལས་གྲུབ་ཡོད་ལ། ཚོགས་འདུ་ཐོག་དུ་བོད་དང་བོད་མ་ཡིན་པའི་སློབ་དཔོན་ཆེན་མོ་དང་སྐད་རིག་པ་བ་༦༠ལྷག་འཛམ་གླིང་གི་ཡུལ་གྲུ་མང་པོ་ནས་ཕེབས་ཡོད། ཐེངས་འདིའི་ཚོགས་འདུ་ཐོག་གཙོ་བོ་བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་དང་ད་ལྟའི་གནས་སྟངས། དེའི་ནུས་ཤུགས་སྐོར་བགྲོ་གླེང་བྱས་ཡོད་པ་མ་ཟད། ད་རུང་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཆེད་དོན་དངོས་ཐོག་ལག་བསྟར་བྱེད་ཐུབ་པ་ཅི་ཞིག་ཡོད་པའི་སྐོར་ཡང་བགྲོ་གླེང་བྱས་ཡོད།
དེབ་འདིའི་ནང་ལ་༼པོད་བཞིའི་ནང་གི་དང་པོ་༽ཕྱོགས་སྒྲིག་བྱས་ཡོད་པའི་རྩོམ་ཡིག་རྣམས་ནི་༢༠༡༡ ལོར་ནེའུ་ཡོག་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་སྤྱའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པའི་སྐབས་ཀྱི་སྐད་ཡིག་བེད་སྤྱོད་ཀྱི་ཁྱབ་ཁོངས་ཞེས་པ་དང་སྐད་ཡིག་ཕན་ཚུན་བར་གྱི་ཤུགས་རྐྱེན་ཞེས་པའི་ཚོགས་ཆུང་གཉིས་ཀྱི་ཐོག་ཏུ་གཏམ་བཤད་གནང་པའི་རྩོམ་ཡིག་རྣམས་ཡིན། རྩོམ་ཡིག་འདི་དག་གིས་མི་འབོར་སྡོམ་རྩིས་རིག་པ་དང་། གཞུང་གི་སྲིད་ཇུས། རིག་གནས། ཚན་རྩལ་ལ་སོགས་ཀྱི་ནུས་པ་རྣམས་བགྲོ་གླེང་བྱས་ཡོད་ལ། བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་སའི་ཁྱབ་ཁོངས་རྣམས་འཚོལ་ཞིབ་བྱས་པ་དང་ཆབས་ཅིག བོད་སྐད་ཀྱི་ལོ་རྒྱུས་དང་དེའི་འཕེལ་རིམ། བོད་སྐད་ཀྱི་འབྱུང་ཁུངས་དང་འབྲེལ་བའི་གནད་དོན། དེ་བཞིན་བོད་སྐད་དང་སྐད་ཡིག་གཞན་པའི་བར་གྱི་འབྲེལ་བ། ཁོ་ཚོ་ཕན་ཚུན་བར་གྱི་འབྲེལ་འདྲིས། མིང་ཚིག་གི་བརྗེ་རེས་དང་། མིང་ཚིག་བར་གྱི་བསྡུར་ཞིབ། སྐད་བརྡའི་ཁྱད་ཆོས་དང་སྐད་བརྡའི་དབྱེ་འབྱེད་ལ་སོགས་དབྱེ་ཞིབ་བྱས་ཡོད།
པོད་དང་པོའི་ནང་ལ་བསྡུས་པའི་རྩོམ་ཡིག་རྣམས་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ནང་ལ་སྤེལ་ཡོད་ལ། མི་འགྱང་བར་PDFགློག་རྡུལ་པར་མ་དྲ་རྒྱའི་ཐོག་ནས་ཕབ་ཐུབ། གཞན་ཡང་། དེབ་དེའི་སྤུས་ལེགས་པར་མ་blurb.comདྲ་རྒྱའི་ཐོག་ནས་ཉོ་ཐུབ།

Section: