You are here

ཕ་སྐད་གླིང།
Jeremy Burke

ད་ལོའི་སྤྱི་ཟླ་གཉིས་པའི་ནང་དུ་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་ཐེབས་རྩ་ཚོགས་པའི་སྐད་ཡིག་འཛིན་གྲྭ་ཐོག་མ”ཕ་སྐད་གླིང་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་རྨང་གཞིའི་ཤེས་བྱ་འཛིན་གྲྭ”ཡོངས་སུ་འགོ་ཚུགས། འཛིན་གྲྭ་འདིའི་ཚད་གཞི་ནི་དམའ་རིམ་ཡིན་ལ་དར་མའི་སློབ་མ་ཚོ་ལ་བོད་ཡིག་འབྲི་སྦྱོང་དང་བོད་སྐད་ཀྱི་ཁ་བརྡ་སྦྱོང་བར་དམིགས་པ་ཡིན། འཛིན་གྲྭ་འདིས་སྔོན་ནས་བོད་ཀྱི་སྐད་ཡིག་ལ་ཆ་རྒྱུས་ཡོད་མཁན་ཚོར་བསྐྱར་སྦྱོང་དང་རང་ཉིད་ཀྱི་ཤེས་ཚད་ཇེ་མཐོར་གཏོང་བའི་གོ་སྐབས་ཀྱང་སྤྲོད་ཀྱི་ཡོད།
འཛིན་གྲྭ་འདིར་སློབ་ཁྲིད་གནང་མཁན་ནི་རྒན་སྣང་གསལ་བསྟན་འཛིན་ནོར་བུ་ལགས་ཡིན་ཞིང་། ཁོང་ནི་ཁུ་ལོམ་བྷི་ཡ་སློབ་གྲྭ་ཆེན་མོའི་ཝེདྷ་ཧེད་ཌི་ཨེ་ཤ་ཡ་ཤར་མའི་སློབ་གླིང་གི་དགེ་རྒན་ཞིག་ཡིན་ལ་ཁོང་གིས་སློབ་ཆེན་དེའི་རིམ་པ་མཐོ་དམའ་ཡོངས་ཀྱི་སློབ་མར་སློབ་ཁྲིད་གནང་གི་ཡོད། ང་ཚོའི་འཛིན་གྲྭ་འདིར་ཞུགས་པའི་སློབ་མ་རྣམས་ནི་རྒྱབ་ལྗོངས་དང་མི་རིགས་མི་འདྲ་བ་སྣ་ཚོགས་( བོད་པ། ཨ་རི་པ། ཁོ་རེ་ཡའི་མི། ཧྥ་རན་སིའི་མི། འཇར་མན་པ། དབྱི་ཏ་ལིའི་མི། སིངྒ་ལའི་མི། )ནས་ཐོན་པ་ཡིན་ཞིང་།
བོད་ཀྱི་སྐད་ཡིག་སྦྱངས་པ་བརྒྱུད་ནས་བོད་ཀྱི་རིག་གནས་ལ་སྦྱོང་བ་གཏིང་ཟབ་གནང་འདོད་ཡོད་མཁན་ཉག་ཅིག་ཡིན།
ང་རང་འཛིན་གྲྭ་འདིར་མ་ཞུགས་སྔོན་ལ་ངས་བོད་ཀྱི་སྐད་ཡིག་དང་འབྲེལ་འདྲིས་བྱས་པ་ཧ་ཅང་ཉུང་ལ། ཧ་ཅང་ཉུང་བའི་འབྲེལ་འདྲིས་འདི་དག་ཀྱང་ཀུན་ཕན་ཐེབས་རྩ་ཚོགས་པའི་ནང་གི་ལས་རོགས་ཚོ་བརྒྱུད་ནས་བྱུང་བ་ཡིན། ཀུན་ཕན་ཐེབས་རྩ་ཚོགས་པར་ལོ་ངོ་བཞིའི་རིང་ལས་ཀ་བྱས་ནའང་ངས་བོད་ཀྱི་སྐད་ཡིག་གི་ཚིག་ཕྲེང་རེ་དུས་ནས་དུས་སུ་སྦྱོང་ཐུབ་པ་བྱུང་ན་ཡང་།
རང་ཉིད་ཀྱི་ལས་རོགས་ཚོའི་སེམས་ཚོར་དང་སྒུལ་ཤུགས་ལྡན་པའི་ཁ་བརྡ་གླེང་མོལ་གྱི་ནང་དུ་ཞུགས་རྒྱུའི་སྐལ་བ་མ་བྱུང་། དཔེ་མཛོད་ཁང་གིས་མང་ཚོགས་ལ་ཁ་ཕྱོགས་པའི་འཛིན་གྲྭ་ཞིག་ཚུགས་རྒྱུ་ཡིན་པ་གོ་སྐབས་བདག་ནི་དེ་ལ་ཐོ་འགོད་བྱེད་མཁན་དང་པོའི་གྲས་ཡིན།
སློབ་མ་རྣམས་བོད་སྐད་ཀྱི་ནང་དུ་སིམ་པར་བྱ་ཆེད་དང་བོད་སྐད་ཀྱི་གདངས་ལ་གོམས་པར་བྱ་ཆེད་སློབ་ཁྲིད་གཙོ་བོ་བོད་སྐད་ཀྱི་ཐོག་ནས་བྱེད་ཀྱི་ཡོད། ང་རང་བོད་སྐད་ལ་དེ་འདྲའི་ཆ་རྒྱུས་མེད་པས་འཛིན་གྲྭ་དང་པོ་དེ་དངོས་གནས་འཚབ་སྣང་ལྡན་པ་ཞིག་བྱུང་། ཐ་སྙད་མང་བོ་ཞིག་ཕན་ཚུན་ཧ་ཅང་འདྲ་བོ་ལྟར་སྣང་ཞིང་གལ་སྲིད་ཐ་སྙད་འགའ་རེར་སྒྲ་ནོར་བརྒྱབ་པ་ཡིན་ན་གོ་ནོར་ཐེབས་ཏེ་ངོ་ཚར་གཏོད།
ཡིག་ཐོག་སྐད་ཡིག་དེ་བདག་ལ་མཚོན་ན་ལྷག་ཏུ་ཁག་པོ་བྱུང་། ཡི་གེ་འབྲི་དུས་གཡོན་ནས་གཡས་སུ་འབྲི་བ་ནི་ལ་ཏིན་གཞིར་བཟུང་བའི་སྐད་ཡིག་ཁག་དང་འདྲ་མཚུངས་ཡིན་ནའང་།
མི་འདྲ་ས་ནི་དབྱངས་ཀྱི་རྟགས་དེ་མཚམས་ལ་ལར་གསལ་བྱེད་ཡི་གེའི་སྟེང་དུ་བཞག་ཡོད་ལ་སྐབས་ལ་ལར་གསལ་བྱེད་ཡི་གེའི་འོག་ཏུ་དཔྱངས་ཡོད་པས་སཾསྐྲིཏ་གཞིར་བཟུང་བའི་སྐད་ཡིག་གཞན་དག་ཁག་དང་མཚུངས། མིང་ཚིག་གི་་བར་དུ་བར་སྟོང་མེད་པའི་རྐྱེན་གྱིས་མིང་ཚིག་རེ་རེ་བཞིན་ངོས་འཛིན་པར་བདག་གིས་དུས་ཡུན་རིང་ཙམ་གཏོང་དགོས་བྱུང་།
འཛིན་གྲྭ་འདི་ནས་མཐར་ཕྱིན་སྐབས་བདག་གིས་བོད་ཡིག་གི་དབྱངས་གསལ་དང་རྨང་གཞིའི་ཐ་སྙད་འགའ་རེ་ཤེས་ལ། བོད་སྐད་ཀྱི་ལམ་ནས་སྟབས་བདེའི་གླེང་མོལ་ཡང་བྱེད་ཐུབ་པ་བྱུང་། རྨང་གཞི་འདི་ལ་བརྟེན་ནས་བདག་འབྲིང་རིམ་འཛིན་གྲྭར་ཞུགས་པ་ཡིན། འཛིན་གྲྭ་འདི་ད་ལོའི་དཔྱིད་སྨད་དུ་ཚུགས་པ་ཡིན་ཞིང་སློབ་ཁྲིད་གནང་མཁན་ནི་ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་རྒན་པདྨ་འབུམ་ལགས་རེད།
འབྲིང་རིམ་འཛིན་གྲྭ་འདི”ཞིང་པ་དང་འབྲོག་པ”ཞེས་པའི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཅིག་རྨང་གཞི་བྱས་ཏེ་བཀོད་སྒྲིག་བྱས་འདུག གཟའ་འཁོར་རེ་རེར་ང་ཚོས་གཏམ་རྒྱུད་དེ་བཀླགས་ནས་དེའི་ནང་གི་ཤེས་བྱ་རྣམས་རྨང་གཞིའི་བརྡ་སྤྲོད་སྒྲིག་གཞི་དང་ཚིག་གྲུབ་ཀྱི་གྲུབ་སྟངས། ཐ་སྙད་གསར་པ་བཅས་སྦྱོང་བའི་ལག་ཆ་ལྟ་བུར་སྤྱད་པ་ཡིན། འཛིན་གྲྭ་འདིའི་ནང་དུ་བོད་ཡིག་གི་ཡིག་གཟུགས་སློབ་ཚན་ཡང་ཡོད་ལ་སློབ་ཚན་འདི་ཁྲིད་མཁན་སྒྲུབ་ཁང་ཕུན་ཚོགས་ལགས་རེད། རྒན་ཕུན་ཚོགས་ལགས་ནི་ཡིག་གཟུགས་དང་རོལ་མོ་གཉིས་ཀའི་ཐད་ལ་སྐད་གྲགས་ཡོད་པའི་མཁས་པ་ཞིག་ཡིན་ལ་ཁོང་གིས་སློབ་ཚན་འདི་གཉིས་ཀ་ལོ་མང་བོའི་རིང་ལ་ཁྲིད་མྱོང་།
གལ་སྲིད་ཁྱེད་ལ་རང་ཉིད་ཀྱི་བོད་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་གཏོང་བའི་འདུན་པ་ཡོད་ཚེ་དཔེ་མཛོད་ཁང་གིས་ད་ལོའི་སྟོན་ཁར་ཁ་སྣོན་འཛིན་གྲྭ་ཚུགས་འཆར་ཡོད། ངའི་སློབ་གྲོགས་གཅིག་སྟེ། ཁན་ནཱ་ཊི་ཀེ་ཊི་དབུས་མའི་མངའ་སྡེའི་སློབ་གྲྭ་ཆེན་མོའི་སྐད་བརྡ་རིག་པ་དང་ཕྱི་མིར་དབྱིན་ཇི་སློབ་ཁྲིད་ཀྱི་ཕྱག་རོགས་སློབ་དཔོན་ལིས་སེའུ་ཧུན་ལགས་ཀྱིས་བཤད་རྒྱུར། “ཀུན་ཕན་ཐེབས་རྩ་ཚོགས་པའི་ཕ་སྐད་གླིང་དུ་ཞུགས་པ་ནི་བོད་ཀྱི་སྐད་ཡིག་ལ་ངོ་འཕྲོད་པའི་ལམ་བུ་གལ་ཆེན་ཞིག་རེད། འདིའི་ནང་གི་དགེ་རྒན་ཚོས་འཛིན་གྲྭའི་ནང་གི་སློབ་མ་ཡོངས་རྫོགས་ཀྱིས་ཁྲིད་གཞིའི་རྒྱུ་ཆ་ཚང་མ་ཡོངས་སུ་ཤེས་སུ་བཅུག་སྟེ་ཁོང་ཚོའི་བོད་ཡིག་གི་ནུས་པ་མཐོ་རུ་གཏོང་བར་བྱེད།”
ཇེར་མེ་བྷུར་ཁི་ནི་སྤྱི་ལོ་༢༠༠༦ལོར་ཀུན་ཕན་ཐེབས་རྩ་ཚོགས་པར་ཕེབས་པ་ཡིན་ལ་ཁོང་གིས་ཐེབས་རྩ་ཚོགས་པའི་དངུལ་རྩིས་ལས་ཁུངས་ཀྱི་འགན་འཁུར་ཡོད།.