You are here

ཀུན་ཕན་གྱི་སྐོར།

ངེད་ཚོའི་དམིགས་ཡུལ།

ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་ཚོགས་སྡེ་རྒྱུན་གནས་ཡོང་བ་དང་། ཡར་རྒྱས་འགྲོ་བ། དེ་བཞིན་གསོན་ཉམས་ལྡན་པ་ཡོང་བར་རྒྱབ་སྐྱོར་བྱེད་བཞིན་ཡོད། ང་ཚོས་མི་དམངས་དང་མཉམ་ལས་བྱས་ནས་ཁོང་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་བར་འབད་ཅིང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྐད་ཡིག་ལ་མཐོང་ཆེན་བྱེད་པ། དེ་བཞིན་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཕྱི་སྣོད་ཀྱི་བཀོད་པ་མི་ཉམས་རྒྱུན་གནས་ཡོང་བར་འབད་པ་བྱེད་དོ།

ངེད་ཚོའི་ལོ་རྒྱུས།

ཀུན་ཕན་ཐེབས་རྩ་ཚོགས་པ་ཐོག་མར་སྤྱི་ལོ་༡༩༩༣ལོར་འགོ་འཛུགས། དེ་ནི་ཨན་ཌི་ཡ་སོ་རོ་སི་མཆོག་བོད་མཐོ་སྒང་དུ་ཐོག་མར་ཡུལ་སྐོར་པ་དང་དེ་ནས་དབྱིན་ཡིག་དགེ་རྒན་གྱི་གནང་བའི་མྱོང་བ་གཞིར་བཟུང་ནས་གྲུབ་པ་ཞིག་ཡིན། ང་ཚོས་ཐོག་མ་ཚོགས་པ་ཆུང་ཆུང་ཞིག་ནས་འགོ་བཙུགས་ཏེ། ང་ཚོའི་རྩ་དོན་གྱི་དམིགས་ཡུལ་ཏེ། བོད་ཀྱི་རིག་གཞུང་དང་། སྐད་ཡིག དེ་བཞིན་ཀྲུང་གོའི་ནང་ལ་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་བསྐོང་ཆེད་ནུས་པ་ཡར་རྒྱས་གཏོང་བ་དང་མཐུན་པའི་ལས་ཀ་བྱེད་བཞིན་པའི་མི་སྒེར་དང་། ཚན་པ་ཁག དེ་བཞིན་ཚོགས་པ་བཅས་ལ་རོགས་དངུལ་སྤྲད་ཡོད། ཐོག་མའི་ལོ་བཅུའི་ནང་ལ། ང་ཚོས་ཁྱབ་ཁོངས་དང་ས་གནས་མི་འདྲ་བར་རོགས་དངུལ་རྣམ་གྲངས་སུམ་བརྒྱ་ལྷག་ཙམ་དང་དེ་དག་ལ་འགྲོ་སོང་ཨ་རིའི་སྒོར་མོ་ས་ཡ་བཅུ་བཞི་ལ་ཉེ་བ་ ༼༡༤༠༠༠༠༠༠༽བཏང་ཡོད།

༡༩༩༥དགུན་ཁར་ཀུན་ཕན་ཐེབས་རྩ་ཚོགས་པའི་ཐད་ཀའི་ལས་གཞི་ཐེངས་དང་པོ་དེ་ལག་ལེན་བསྟར་ཡོད། དེ་ནི་ལོ་དེར་ཟི་ཁྲོན་ནུབ་རྒྱུད་ལ་གངས་སྐྱོན་ཆེན་པོ་དང་གནམ་གཤིས་ཤིན་དུ་གྲང་མོ་བསྟན་ནས་རྒྱལ་སྤྱིའི་རོགས་རམ་འབོད་སྐུལ་ཞུས་པར་ཡ་ལན་སྤྲོད་པ་དེ་ཡིན། དེའི་རྗེས་ཀྱི་ལོ་ཤས་རིང་ལ། ང་ཚོས་བོད་ཀྱི་ས་གནས་ཁག་ལ་གཞིས་ཚུགས་ཏེ། བོད་མཐོ་སྒང་གི་ད་ལྟའི་འཚོ་བར་རྟོག་ཞིབ་གཏིང་ཟབ་ཏུ་བཏང་ནས། བོད་ཀྱི་རིག་གཞུང་དར་སྤེལ་གཏོང་བ་དང་། གཙང་ནས་མདོ་སྨད་ཨ་མདོའི་བར་ལ་སྤྱི་ཚོགས་ཡར་རྒྱས་གཏོང་བའི་ལས་གཞི་སྤེལ་ཡོད།

དི་རིང་ཀུན་ཕན་ཐེབས་རྩ་ཚོགས་པས་སྤྱི་ཚོགས་ཁག་གི་ཐུན་མོང་མ་ཡིན་པའི་དགོས་མཁོར་དམིགས་ཏེ། བོད་མཐོ་སྒང་ཁྱོན་ཡོངས་ལ་སློབ་གསོའི་གོ་སྐབས་རྒྱ་སྐྱེད་གཏོང་བ་དང་ འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། དེ་བཞིན་བོད་ཀྱི་རིག་གཞུང་རྒྱུན་གནས་ཡོང་བའི་ལས་གཞིར་རྒྱབ་སྐྱོར་བྱེད་བཞིན་ཡོད།

ངེད་ཚོའི་ལམ་སྟོན་རྩ་འཛིན།

ང་ཚོས་ས་གནས་རིག་གནས་ལ་བརྩི་སྲུང་དང་རྒྱབ་སྐྱོར་བྱེད་པ།

རིག་གཞུང་ནི་ངེད་ཚོའི་ལས་ཀའི་རྨང་རྡོ་ཞིག་ཡིན། ངེད་ཚོས་ལག་བསྟར་བྱེད་བཞིན་པའི་ལས་གཞི་ནས་འགོ་བཙུགས་ནས་རོགས་དངུལ་སྤྲོད་པའི་བྱེད་སྒོའི་བར་དང་། དེ་བཞིན་ནེའུ་ཡོག་ལས་ཁུངས་ལ་སྤེལ་བའི་ལས་འགུལ་ཚང་མའི་ནང་ལ་ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་རིག་གཞུང་ལ་དོ་སྣང་ཇེ་ཟབ་ཏུ་བཏང་ནས་དེའི་གསོན་སྟོབས་ལ་སེམས་འཁུར་བྱེད།

ང་ཚོས་མི་སྒེར་དང་། ཚན་པ། དེ་བཞིན་སྤྱི་ཚོགས་བཅས་ཀྱི་ནུས་པ་ཡར་རྒྱས་སུ་གཏོང་བ།

སློབ་གསོ་དང་། ལག་ཤེས་གསོ་སྐྱོང་ནི་བོད་མཐོ་སྒང་གི་ཕུགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ཡོང་བའི་འགག་རྩ་ཞིག་ཡིན། ཀུན་ཕན་ཐེབས་རྩ་ཚོགས་པས་མི་སྒེར་གཅིག་ལ་དགོས་ངེས་ཀྱི་ལག་ཤེས་ཐོབ་པར་རོགས་རམ་བྱས་ནསསྤྱི་ཚོགས་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྱི་གནས་སྟངས་དང་དེང་སྤོབས་ཡིད་ཆེས་གོང་འཕེལ་ཡོང་བར་འབད་པ་བྱེད།

ང་ཚོས་ས་གནས་མཉམ་ཞུགས་དང་རོགས་འདེགས་བཟང་པོ་ཡོང་བར་སྐུལ་སློང་བྱེད་པ།

ས་གནས་སྤྱི་ཚོགས་ཁག་ལ་རྒྱབ་སྐྱོར་བྱེད་པ་ནི་ངེད་ཚོའི་ལས་ཀའི་སྙིང་དོན་གཙོ་བོ་དེ་ཡིན། སྤྱི་ཚོགས་དེ་དག་ལ་ཁོང་ཚོའི་ཡར་རྒྱས་ཀྱི་དགོས་མཁོ་དང་འཆར་གཞི་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་པ་དེས་ང་ཚོའི་རོགས་སྐྱོར་དེ་དག་དངོས་ཡོད་ཀྱི་དགོས་མཁོ་དང་མཐུན་པར་བྱེད་པ་མ་ཟད། མ་འོངས་པ་ན་མུ་མཐུད་ལོ་མང་ཕན་ཐོགས་ཡོང་བར་ནུས་པ་ཐོན།

ངེད་ཚོས་ཕོ་མོ་འདྲ་མཉམ་གྱི་ལས་ཞུགས་བྱེད་པར་འབད་པ་བྱེད།

ཀུན་ཕན་ཐེབས་རྩ་ཚོགས་པས་ཕུགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ཡོང་བ་ལ། ཡར་རྒྱས་ལས་གཞིའི་ནང་ལ་ཕོ་མོ་མཉམ་ཞུགས་བྱེད་པ་དེ་འགལ་གངས་ཆེན་པོར་རྩི་བར་བྱེད།

སྐྱེ་ཁམས་སྟངས་སྙོམས་རྒྱུན་འཁྱོངས།

འཛམ་གླིང་སྤྱི་ཡོངས་ལ་ཁོར་ཡུག་ལ་གནོན་ཤུགས་ཆེན་པོ་ཡོང་བཞིན་པ་དེ་ཤེས་རྟོགས་བྱུང་བཞིན་ཡོད་ལ། ལྷག་པར་དུ་བོད་མཐོ་སྒང་ལ་དེ་བས་གནོན་ཤུགས་དེ་ཤིན་དུ་ཆེན་པོ་ཡོང་བཞིན་ཡོད། བོད་ལ་ མཚོན་ན། གངས་རི་བཞུར་བ་དང་། ནགས་ཚལ་སྟོང་བ། དེ་བཞིན་རྩ་ཐང་ལ་ཉམ་ཉེས་བྱུང་བ་སོགས་ནི་མིག་མཐོང་ལག་ཟིན་ཡིན། དེར་བརྟེན་ཀུན་ཕན་ཐེབས་རྩ་ཚོགས་པས་ས་གནས་ཀྱི་ཐོན་ཁུངས་ལ་ བརྟེན་པ་དང་། དེ་དག་ཚགས་ཚུད་པོས་བེད་སྤྱོད་བྱེད་པའི་ལས་གཞིའི་རིགས་ལག་ལེན་དང་དེ་དག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།

 

ཚོགས་པ་ཕྱག་འདེབས་མཁན་མཇལ་རོགས།

ཀུན་ཕན་ཐེབས་རྩ་ཚོགས་པ་ཐོག་མར་སྤྱི་ལོ་༡༩༩༣ལོར་འགོ་འཛུགས་སྐབས། དེ་ནི་རང་ཉིད་མི་སྒེར་གྱི་མྱོང་བ་གཞིར་བཟུང་བའི་བསམ་ཚུལ་དང་སེམས་ཤུགས་གཅིག་བསྡུས་ཀྱིས་གྲུབ་པ་ཞིག་ཡིན། ལོ་ངོ་འགའི་སྔ་རོལ་དུ། བདག་མདོ་དབུས་མཐོ་སྒང་དུ་ཐོག་མར་ཡུལ་སྐོར་པ་དང་དེ་ནས་དབྱིན་ཡིག་དགེ་རྒན་བྱས་ཏེ་མི་ལོ་རེ་ཟུང་ལ་བསྡད་ཅིང་། སྐབས་དེ་དུས་ང་རང་ལ་རྒྱལ་སྤྱིའི་མཐུན་འབྲེལ་ཚོགས་པ་ཁག་གིས་བོད་ཡུལ་དུ་སྒྲུབ་ཐུབ་པའི་བྱ་གཞག་ཡོད་པར་ངེས་ཤེས་རྙེད།

ཀུན་ཕན་ཐེབས་རྩ་ཚོགས་པ་ནི་ང་རང་ཉིད་ཀྱི་སྐབས་དེའི་ཉམས་མྱོང་ཁག་གཞི་རྩར་བཟུང་བའི་ཐོག་གྲུབ་པ་ཞིག་ཡིན་ལ་ད་དུང་ཡང་མུ་མཐུད་དུ་ཉམས་མྱོང་དེ་དག་གཞི་རྩར་བཟུང་སྟེ་འགྲོ་བཞིན་ཡོད། ཉམས་མྱོང་དེ་དག་ཀྱང་ང་རང་ཉིད་ཀྱིས་བོད་ཀྱི་རིག་གནས་དང་སྤྱི་ཚོགས་འཚོ་བ།དེ་བཞིན་རང་བྱུང་ཁོར་ཡུག་བཅས་ལ་བཅངས་པའི་བརྩེ་བ་དང་། བོད་མི་རྣམས་ཀྱིས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་དག་ང་རང་ཉིད་ཀྱིས་ཀྱང་མྱངས་པའི་མྱོང་བ། དེ་བཞིན་རང་ཉིད་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་རྣམས་ལ་ང་རང་ཉིད་ཀྱིས་བཅངས་པའི་མོས་གུས་བཅས་ལས་གྲུབ་པ་ཞིག་ཡིན། ལོ་ངོ་འདི་དག་རིང་ལ་ང་རང་གི་རེ་བ་ནི། ཀུན་ཕན་ཐེབས་རྩ་ཚོགས་པས་ས་གནས་མི་དམངས་ལ་ཁ་དོན་མཚུངས་པའི་རོགས་སྐྱོར་ཞིག་བྱེད་ཐུབ་རྒྱུ་དེ་ཡིན་ལ། རོགས་སྐྱོར་དེ་ཡང་ཕུགས་རྒྱང་རིང་བའི་ནུས་པ་ཡོད་ལ་འཛམ་གླིང་གི་ཆ་ཤས་འདིའི་མཛེས་སྡུག་གི་སྤུས་ཀ་ལྡན་པའི་ཐུན་མིན་འཚོ་བར་གསོན་ཤུགས་རྒྱས་པར་བྱེད་ཐུབ་རྒྱུ་བཅས་ཡིན།

འཕེལ་རྒྱས་ཟེར་བ་ནི། 
མདོར་བསྡུས་ནས་བཤད་ན། 
མི་ཚེའི་སྤུས་ཀ་མཐོར་འདེགས་གཏོང་རྒྱུ་དེ་རེད།

ཡར་རྒྱས་སམ་འཕེལ་རྒྱས་ཟེར་བ་ནི་མདོར་བསྡུས་ནས་བཤད་ན་མི་ཚེའི་སྤུས་ཀ་མཐོར་འདེགས་གཏོང་རྒྱུ་དེ་རེད། སྤྱིར་ཐོགས་རེག་ལྡན་པའི་སྣང་ཚུལ་ཏེ།སློབ་གསོ་དང་འཐུང་ཆུ། དེ་བཞིན་དཔལ་འབྱོར་གོ་སྐབས་སོགས་ཐོབ་ཐབས་བཅས་ཀྱི་ཐོག་ཤུགས་སྣོན་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡིན་པ་སྨྲོས་མ་དགོས་མོད། འགྲོ་བ་མིའི་མྱོང་སྟོབས་ནི་ཐོགས་རེག་ཅན་གྱི་དངོས་པོ་ལས་འདས་ཡོད། དེ་ཡང་རིག་གནས་འཚོ་བ་དང་འབྲེལ་འདྲིས་བྱེད་པ་ནི་མི་ཞིག་གི་བདེ་དོན་ལ་མཚོན་ན་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལ། ཁྱད་པར་དུ་རིག་གནས་ལོ་རྒྱུས་དང་སྤྱི་ཚོགས་འཚོ་བ་གཉིས་ཀྱི་བར་དུ་འབྲེལ་བ་དམ་ཟབ་ཡོད་པའི་འཛམ་གླིང་བོད་ཀྱི་ཡུལ་གྲུ་ལྟ་བུར་མཚོན་ན་དེ་བས་ཀྱང་ཁ་འབྲལ་ཐབས་མེད་པ་ཞིག་རེད། རྒྱུ་མཚན་འདིའི་དབང་གིས་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་གཞི་ཁག་གིས་རིག་གནས་དང་ཡར་རྒྱས་གྱི་འབྲེལ་ལམ་ཐོག་ཏུ་ཤུགས་སྣོན་བརྒྱབ་སྟེ་སྣ་གཉིས་ཀར་ཕན་པའི་ལམ་ཞིག་འཚོལ་གྱི་ཡོད་དེ། ང་ཚོས་ནམ་ཡང་རིག་གནས་དང་ཡར་རྒྱས་གཉིས་མདུན་སྐྱོད་གཅིག་ཏུ་སྦྲེལ་ཏེ་མདུན་སྤྱོད་བྱེད་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད།

ང་ཚོའི་ལོ་རབས་དང་པོའི་འགུལ་སྐྱོད་ཁྲོད་ང་ཚོས་ང་ཚོའི་རྩ་དོན་དང་མཐུན་པའི་ལས་ཀ་བྱེད་བཞིན་པའི་རྒྱལ་སྤྱིའི་ཚོགས་པ་ཁག་དང་ས་གནས་ལས་ཁུངས་ཁག་ལ་རོགས་དངུལ་སྤྲད་ཡོད།སྤྱི་ལོ་༢༠༠༤ལོར། ང་ཚོས་ཚོགས་པ་རང་ངོས་ནས་ལས་གཞི་སྤེལ་འགོ་བརྩམས་ཡོད་ལ་དེས་ད་ལྟ་ང་ཚོའི་ཕོན་ཆེ་བའི་ལས་ཀ་དེ་མཚོན་གྱི་ཡོད།ལས་གཞི་ཐད་ཀར་སྤེལ་བ་འདིས་ང་ཚོ་རང་ཉིད་དང་ལས་རོགས་གཉིས་ཀར་ཕན་ཚུན་ལ་བློས་འཁེལ་མིན་ཐོག་ཁག་ཐེག་བྱས་པ་མ་ཟད་བྱ་བ་ཚང་མ་རྩ་དོན་དང་ཉེ་སར་འཛིན་ཐུབ་པའང་བྱས་ཡོད།

ང་ཚོའི་ལས་གཞིའི་ཁྲོད་དུ་ང་ཚོས་ཕན་ཚུན་བརྩི་བཀུར་དང་མཉམ་འབྲེལ་གཞི་རྩར་བཟུང་བའི་ཐོག་མི་དམངས་ལྟེ་བར་འཛིན་པའི་བྱེད་ཐབས་བཀོལ་གྱི་ཡོད་ལ། ང་ཚོས་རྩ་དོན་འདི་དག་ནི་ང་ཚོའི་ལས་གཞི་ཁག་ལམ་ལྷོངས་འབྱུང་བའི་གཞི་རྩ་ཡིན་པ་ཙམ་མ་ཟད་ཡར་རྒྱས་ཀྱི་ལས་ཀ་སྤྱིའི་ཆ་ནས་བཤད་ནའང་འདི་དག་ནི་རྒྱལ་ཁའི་སྔོན་འགྲོ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཕན་ནུས་ཅན་གྱི་ཡར་རྒྱས་ནི་ས་གནས་ཀྱི་ཐོན་ཁུངས་༼མི་ཤུགས་དང་རྒྱུ་ཤུགས༽དང་ནུས་ཤུགས་གཞི་རྩར་བཟུང་བ་ཞིག་ཡིན་པ་ལས་འཕྲལ་དགེ་ཕུགས་འཕུང་དང་གཞན་རྟེན་ཡར་སྐྱེད་མིན། ང་ཚོའི་ལས་གཞི་ཚང་མ་ས་གནས་མིའི་མཉམ་ཞུགས་ཐོག་ནས་ངོས་འཛིན་དང་འཆར་གཞི་འཐེན་པ་ཞེ་གཅིག་ཡིན། ལས་གཞི་སྤེལ་འགོ་ཙམ་ཡང་མ་བཙུགས་སྔོན་ནས་ས་གནས་མི་དང་མཉམ་དུ་ལས་གཞི་འཆར་འགོད་དང་གནས་ཚུལ་ལ་དཔྱོད་གླེང་དང་།དེ་བཞིན་གལ་ཆེན་རང་བཞིན་འདེམས་གསེས་བཅས་བྱེད་ཀྱི་ཡོད། སྔོན་སོང་གི་རྒྱུ་མཚན་འདི་དག་གི་དབང་གིས།ས་གནས་སྤྱི་ཚོགས་ནི་དོན་དམ་པའི་རང་ཉིད་ཀྱི་འཚོ་གནས་ལེགས་བཅོས་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན་ཡིན་ལ། འདི་ལྟར་ན་ད་གཟོད་ཡར་རྒྱས་དེ་དོན་སྙིང་ལྡན་པ་དང་ཕུགས་རྒྱང་ལྡན་པ་ཞིག་ཡོང་བ་ཁག་ཐེག་བྱེད་འདུག

ང་ཚོས་མིག་རྒྱང་མ་འོངས་པར་འཕེན་དགོས་རྐྱེན། ང་ཚོས་གྲོང་སྡེའི་འགོ་ཁྲིད་ནས་སློབ་ཆུང་དགེ་རྒན་དང་། རྫོང་དང་ཞིང་ཆེན་རིམ་པའི་འཕྲོད་བསྟེན་ལས་བྱེད་པ་ནས་ལྷན་ཁང་ཁག་གི་དཔོན་པོ་ཁག་ཚུན་ཆད་ཀྱི་སྤྱི་ཚོགས་ཐོག་གི་རིམ་པ་སོ་སོར་ད་སྔ་བཙུགས་པའི་མཉམ་འབྲེལ་མཐུན་གྲོགས་འབྲེལ་བ་མུ་མཐུད་དུ་ཡར་རྒྱས་སུ་གཏོང་གི་ཡོད། འདས་པའི་བྱ་བ་ལས་བསླབ་བྱ་ལེན་པ་དང་་མིག་ཟུང་གོ་སྐབས་དང་དཀའ་ངལ་གསར་པ་ཁག་ལ་ཕྱོགས་པའི་སྒོ་ནས།ང་ཚོས་རྟག་བརྟན་གྱི་ཞབས་རྗེས་ཤིག་འཇོག་ཕྱིར་མུ་མཐུད་དུ་གཞན་དང་མཉམ་འབྲེལ་སྒོས་ལས་ཀ་བྱེད་ཅིང་། མཚར་སྡུག་འོད་སྟོང་འབར་བའི་རིག་གནས་ཤིག་ལ་གསོན་ཤུགས་སྤེལ་ཏེ་དེའི་ངོ་མཚར་ལ་རོལ།

ཡར་རྒྱས་ལས་ཀའི་སྙིང་བོ་མདོར་བསྡུས་ན།དེ་ནི་འགྲོ་བ་མི་རྣམས་ཀྱིས་ཕན་ཚུན་ལ་རོགས་འདེགས་བྱེད་པའི་སྒོ་ནས་ང་ཚོའི་མ་འོངས་པའི་ཆེད་དུ་སྤྱི་མཐུན་གྱི་མི་ཆོས་རིང་ལུགས་ཀྱི་འཇིག་རྟེན་ཞིག་བསྐྲུན་རྒྱུ་དེ་རེད།

ཅིའི་ཕྱིར་ "Trace" ཞེས་བཏགས།

ཀུན་ཕན་ཐེབས་རྩ་ཚོགས་པའི་མིང་གི་ནང་དོན་ནི་ཕུན་སུམ་ཚོགས་པ་ཡིན།

“To trace”ཞེས་པ་ནི་མ་དཔེའི་རི་མོ་ཇི་མ་ཇི་བཞིན་བསྐྱར་བཤུ་བྱེད་པའི་དོན་ཡིན།ནང་དོན་འདིའི་ཆ་ནས་ང་ཚོས་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་གཏོང་སྐབས། ས་གནས་མང་ཚོགས་ཀྱི་བེད་སྤྱོད་ཆེ་བའི་ཤེས་བྱ་དང་དངོས་པོ་ཅི་རིགས་སྔར་སྲོལ་བཞིན་རྒྱུན་འཛིན་བྱེད་པའི་ཐབས་ལམ་ལག་བསྟར་བྱེད་བཞིན་ཡོད། ས་གནས་མང་ཚོགས་ཀྱིས་རང་གི་དགོས་མཁོ་སྐོང་བའི་ནུས་པ་ཇེ་མཐོར་སོང་བ་དང་མཉམ་དུ། ང་ཚོས་ཁོང་ཅག་གི་སྔརསྲོལ་གྱི་དགེ་མཚན་དང་ནུས་སྟོབས་རྣམས་གཞིར་བཟུང་བའི་ཐོག་ནས་ཁོང་ཚོར་མ་འོངས་ཀྱི་རྣམ་པ་གསར་པ་ཞིག་གཏོད་བཞིན་ཡོད།

“Trace”ཞེས་པ་ནི་ཤུལ་རྗེས་ལ་གོ། ནང་དོན་འདིའི་ཆ་ནས་ཀུན་ཕན་ཐེབས་རྩ་ཚོགས་པས་མི་མང་གཙོ་བོར་བཟུང་ནས་ཡར་རྒྱས་གཏོང་བའི་ཐབས་ལམ་ལག་བསྟར་བྱེད་བཞིན་ཡོད། ང་ཚོ་ནི་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན་པའི་ཆ་ནས་ས་གནས་སྤྱི་ཚོགས་ཀྱི་གཏན་འཇགས་ཀྱི་ཆ་ཤས་ཤིག་མིན། དེར་བརྟེན་ང་ཚོའི་ཤུལ་རྗེས་ནི་མིག་གི་མདུན་དུ་གསལ་ལྷང་ངེར་མཐོང་ཆོས་སུ་ཡོད་པ་ཞིག་མིན་པར། དེ་ལས་ལྡོག་ཏེ་ས་གནས་མི་དམངས་ཀྱི་ཧུར་བརྩོན་བརྒྱུད་ནས་བྱུང་བའི་མི་མངོན་པའི་ཤུལ་དེ་ཡིན།

“Tracing”ཞེས་པ་ནི་ལམ་བུ་ཞིག་གཏོད་པ་ལ་ཟེར། ནང་དོན་འདིའི་ཆ་ནས་ཀུན་ཕན་ཐེབས་རྩ་ཚོགས་པས་ས་གནས་སྲིད་གཞུང་དང་སྤྱི་ཚོཊ་ཞབས་ཞུ་ཚོགས་པ་བཅས་ཀྱིས་བསྒྲུབས་དང་སྒྲུབ་བཞིན་པའི་ལས་ཀ་རྣམས་བསྐྱར་ཟློས་མི་བྱེད་པར། དེ་ལས་ལྡོག་སྟེ་རོགས་རམ་གྱི་དགོས་མཁོ་ཆེ་བའི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་མཉམ་ལས་ཚོགས་པའི་རོགས་རམ་སླེབས་རྒྱུར་ལམ་བུ་ཞིག་གསར་གཏོད་ཀྱིས་ཡར་རྒྱས་ཀྱི་ལས་དོན་འདི་ཉིད་སྔར་ལས་ལེགས་འགྲུབ་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད།

“Trace”ཞེས་པ་ནི་ཨང་རྩིས་ཀྱི་རྩིས་གཞིའི་སྣོལ་མཚམས་དེ་ཡིན། ནང་དོན་འདིའི་ཆ་ནས་ཀུན་ཕན་ཐེབས་རྩ་ཚོགས་པས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པའི་ལས་བྱེད་ཚོས་ནིའུ་ཡོག་དང་ཀྲུང་གོའི་བོད་ཀྱི་ས་ཁུལ་ཁག་གི་ལས་བྱེད་རྣམས་དང་འབྲེལ་བ་དམ་ཟབ་ཀྱི་ངང་ནས་ལས་དོན་སྒྲུབ་པའི་ཐོག་ནས། འཛམ་གླིང་ཆིག་སྒྲིལ་ཡོང་བའི་ནུས་སྟོབས་མངོན་འགྱུར་བྱེད་བཞིན་ཡོད། ཀྲུང་གོའི་མངའ་ཁོངས་ཀྱི་བོད་མི་ཚོར་འཕྲད་བཞིན་པའི་དམིགས་བསལ་གྱི་དཀའ་ངལ་སེལ་བའི་ཆེད་དུ། ང་ཚོས་ངེད་ཚོགས་པའི་ཉམས་མྱོང་སྣ་ཚོགས་ལ་བརྟེན་ནས་ཡུལ་སྲོལ་དང་མཐུན་པ་གང་ཞིག་ལ་གསར་གཏོད་ཀྱི་རང་བཞིན་ཡང་ལྡན་པའི་ཐབས་ཤེས་འཚོལ་བར་འབད་བརྩོན་བྱེད་བཞིན་ཡོད།