You are here

གྲོང་ཁྱེར་ནང་གི་སློབ་གྲྭ་ཆུང་ཆུང་ཞིག

ཧཱུཾ་ཆེན་ནི་སྐྱེས་པ་གཟུགས་སྦོམ་ཞིང་དེ་ཙམ་རིང་པོ་མེད་པ་ལ། དབུ་སྐྲ་ནག་ཅིང་རིང་བ་ཞིག་ཡོད། ཐོག་མའི་ཕྱི་ཚུལ་གྱི་མཐོང་སྣང་ལ་མི་ཧ་ཅང་གི་དཀྱུས་མ་ཞིག་ཏུ་སྣང་མོད། འོན་ཏེ། ཁོང་ནི་དོན་ཆེན་སྒྲུབ་མཁན་གྱི་སྐྱེ་བུ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཧཱུཾ་ཆེན་གྱིས་འབད་པ་ཧུར་ལེན་གྱིས་གོམ་སྟབས་མགྱོགས་པའི་འཕེལ་རྒྱས་དང་གྲོང་ཁྱེར་ཅན་དུ་འགྱུར་བཞིན་པའི་དུས་སྐབས་སུ་གྲོང་ཁྱེར་དེའི་ནང་གི་ལོ་ཆུང་གྲོང་མི་འགའ་ཞིག་ལ་ཁོ་ཚོ་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་ཐོག་རྐང་པ་བརྟན་པོ་ཞིག་འཛུགས་པར་འགན་ལེན་བྱེད་བཞིན་ཡོད།

མཐའ་བཞི་རུ་ས་འཛིན་མུ་ཁྱུད་ཀྱིས་བསྐོར་ཞིང་འདུ་འཛིའི་མཚམས་མི་ཆད་པའི་གྲོང་ཆེན་པོ་ཟི་ལིང་ནི་མཐོ་སྒང་གི་བྱང་ཤར་གྱི་མཚམས་སུ་ཆགས་པ་དང་དེ་ནི་གནའ་སྔ་མོ་ནས་ཀྲུང་གོའི་ནུབ་ཁུལ་གྱི་སྣ་མང་རིག་གནས་འཛོམ་སའི་ས་ཚིགས་ཤིག་ཡིན། གྲོང་ཁྱེར་དེ་ནི་རྒྱ་རིགས་དང་། ཁ་ཆེ། དེ་བཞིན་ས་གནས་དེ་གའི་གྲངས་ཉུང་མི་རིགས་དཔེར་ན་ཧོར་རིགས་དང་སོག་རིགས་ལྟ་བུ་མཉམ་འདྲེས་ངང་འཚོད་སྡོད་བྱས་པ་ལས་གྲུབ་པ་ཞིག་རེད། གྲོང་ཁྱེར་དེའི་ནང་གཞུང་ཕྱོགས་ཀྱི་བོད་རིགས་ལས་བྱེད་པ་ཁྲི་ཚོ་བཞི་ཙམ་ཡོད་པ་ཕུད། ད་དུང་བོད་རིགས་ཚོང་པ་དང་བྱེས་འགྲོའི་ངལ་རྩོལ་རྒྱུག་མཁན་སྟོང་ཚོ་འགའ་ཞིག་ཡོད།

ཟི་ལིང་ནང་དུ་ཡོད་པའི་བོད་རིགས་བྱིས་པ་མང་ཆེ་བ་ནི་ཀྲུང་གོའི་རྒྱལ་ནང་དུ་གནས་སྤོས་ལས་མི་འབོར་ཆེན་འཐོན་བཞིན་པའི་འབྲས་བུ་རེད། དེ་ཡང་ཁོ་ཚོའི་ཕ་མ་ཚོས་རང་ཉིད་འཚར་ལོངས་བྱེད་སའི་ས་ཆ་ནས་ཁ་བྲལ་ཏེ་ཟི་ལིང་ལྟ་བུའི་ལྟེ་གནས་ས་ཁུལ་དུ་ལས་ཀ་འཚོལ་བར་བསླེབས་ཡོད། དེས་ན་བུ་ཕྲུག་ཚོ་རྒྱུན་ཏུ་ནང་མི་གཞན་གྱི་ལྟ་སྐྱོང་འོག་གནས་པའམ་ཡང་ན་རྒྱ་སྐད་གཙོ་བོར་འཛིན་པའི་ཉིན་མོའི་བུ་ཚ་ལྟ་སྐྱོང་གི་ལས་གཞིའི་ནང་འཇོག་དགོས་ཀྱི་ཡོད། བོད་ཡིག་འཛིན་གྲྭ་དང་སློབ་གྲྭ་མེད་རྐྱེན་གྲོང་ཁྱེར་ནང་འཚར་ལོངས་བྱུང་བའི་བོད་རིགས་བུ་ཕྲུག་མང་ཆེ་བ་རྒྱ་ཡིག་སློབ་གྲྭར་ཞུགས་དགོས་པས་ཁོ་ཚོས་བོད་སྐད་ཡང་དག་པ་ཞིག་སྨྲ་མི་ཐུབ་ལ་བོད་ཡིག་དེ་བས་འབྲི་ཐུབ་ཀྱི་མེད།

སྤྱི་ལོ་༢༠༠༨ལོར་ཧཱུཾ་ཆེན་གྱི་བུ་སྔོན་འགྲོའི་སློབ་གྲྭར་འགྲོ་རན་སྐབས་སུ་ཁོང་ལ་ཡང་དཀའ་ངལ་དེ་འཕྲད། ཁོང་གིས་གནད་དོན་དེའི་ཐད་རང་ཉིད་ཀྱི་གྲོགས་པོ་སྐོར་ཞིག་དང་གླེང་མོལ་བྱས་པ་ལས་ཚང་མར་སེམས་ངལ་གཅིག་མཚུངས་ཡོད་པར་ཤེས་རྟོགས་བྱུང་། ཁོང་ཚོས་གྲོས་མོལ་མང་དག་ཅིག་བྱས་རྗེས་མཐའ་མར་ཟི་ལིང་ནང་གི་བོད་རིགས་བུ་ཕྲུག་ཚོར་རང་ཉིད་ཀྱི་རིག་གནས་སྦྱོང་སའི་ཁོར་ཡུག་ལེགས་པོ་ཞིག་སྤྲོད་སའི་བོད་ཡིག་གི་སྔོན་འགྲོའི་སློབ་གྲྭ་ཞིག་འཛུགས་རྒྱུར་སེམས་ཐག་བཅད། འོན་ཀྱང་། འབྲེལ་ཡོད་ཕ་མའི་ཚོགས་ཆུང་དེར་སློབ་ཁང་དང་། དགེ་རྒན། སློབ་ཁྲིད་རྒྱུ་ཆ་འམ་ཆ་རྐྱེན་མཁོ་སྒྲུབ་བྱ་རྒྱུའི་མ་དངུལ་གྱིས་ཕོངས་རྐྱེན། སྤྱི་ལོ་༢༠༠༨ལོའི་དཔྱིད་ཁའི་དུས་སུ། ཧཱུཾ་ཆེན་གྱིས་ཀུན་ཕན་ཐེབས་རྩ་ཚོགས་པར་ཟི་ལིང་ནང་གི་བོད་རིགས་བྱིས་པ་ཚོའི་ཆེད་དུ་སྔོན་འགྲོའི་སློབ་གྲྭ་ཞིག་འཛུགས་རྒྱུར་རོགས་སྐྱོར་ཡོང་བའི་སྐོར་ཀྱི་རེ་ཞུ་ཕུལ་བ་རེད།

ཀུན་ཕན་ཐེབས་རྩ་ཚོགས་པས་ཧཱུཾ་ཆེན་གྱི་དེ་སྔའི་ས་གནས་ཀྱི་གོམས་སྲོལ་དང་དམངས་ཁྲོད་སྒྲུང་གཏམ་བརྗོད་གཞི་གཙོར་བྱས་པའི་དཔེ་ཚོགས་པར་སྐྲུན་བྱ་རྒྱུར་རོགས་སྐྱོར་བྱས་པ་བརྒྱུད་ཁོང་གིས་ཐེབས་རྩ་ཚོགས་པའི་ཐོག་ལོ་རྒྱུས་མངའ་གང་ཙམ་ལོན་ཡོད། དཔྱིད་ཀ་དེར་ཧཱུཾ་ཆེན་གྱི་རེ་ཞུར་ཆོག་མཆན་ཐོབ་པས། ཐོག་མའི་མ་དངུལ་ལ་བརྟེན་ནས་ཁོང་གིས་ས་གནས་དེའི་སྔོན་འགྲོའི་སློབ་གྲྭ་ཞིག་ནས་དུས་ཐུང་གི་སློབ་ཁང་ཞིག་བོགས་མར་ལེན་ནས་དགེ་རྒན་གླ་འགོ་ཚུགས། ཀུན་ཕན་ཐེབས་རྩ་ཚོགས་པའི་རོགས་རམ་འོག བྱིས་པའི་སློབ་གསོའི་ཆེད་ལས་དགེ་རྒན་བཞི་གླས་ནས་སློབ་གྲྭ་དེས་ལོ་ན་གཉིས་ནས་དྲུག་བར་གྱི་སློབ་མ་ཚོར་སློབ་ཁྲིད་བྱེད་བཞིན་ཡོད།

འཛིན་གྲྭ་ནི་རྒྱལ་སྤྱི་གྲོང་ཚོའི་ཉེ་འདབས་ཀྱི་ཁང་པ་ཐོག་བརྩེགས་གསུམ་ཅན་གྱི་སྒེའུ་ཁུང་ཆེ་ཞིང་ཚོན་མདོག་ངང་སྐྱ་ཅན་གྱི་སྔོན་འགྲོའི་སློབ་གྲྭའི་ནང་དུ་འཚོག་གིན་ཡོད། ཐོག་བརྩེགས་ཅན་གྱི་ཁང་པ་དེར་ཁྱམས་ར་ཆུང་ཆུང་ཞིག་ཡོད་པ་དང་དེའི་ནང་ཚོན་ཁྲ་ཅན་གྱི་སྦོལ་འཇམ་གི་གདན་ཐོག་ལ་བཀྲག་མདངས་ཅན་གྱི་ཚོན་ཁྲ་བཏང་བའི་སྲ་ཞིང་མཁྲེགས་པའི་འགྱིག་གི་རྩེད་ཆས་གསར་པས་འཁེངས་འདུག བོད་རིགས་ཕྲུ་གུ་ཚོས་སྔོན་འགྲོའི་སློབ་གྲྭ་འདིའི་ནང་ལ་སློབ་ཁང་འགའ་ཤས་ཡོད་པའི་ནང་གི་ཆ་ཤས་གཅིག་ཟིན་འདུག དེ་ཡང་ཁོ་ཚོས་སློབ་ཁང་ནང་ལ་བོད་ཡིག་ཀ་མད་སུམ་ཅུ་དང་སྟབས་བདེའི་མིང་ཚིག་བཀོད་པའི་ཚོན་ཁྲ་ཅན་གྱི་འགྱིག་གི་བྱང་བུ་དང་། སློབ་མའི་འདྲ་པར། དེ་བཞིན་བོད་ཀྱི་རིག་གནས་དང་གོམས་སྲོལ་བཅས་དང་འབྲེལ་བ་ཡོད་པའི་རི་མོ་སོགས་ཀྱིས་མཛེས་རྒྱན་སྤྲད་འདུག ཤེལ་གྱི་སྒེའུ་ཁུང་ཆེན་པོ་ཞིག་གི་འོག་ཏུ་ཡོད་པའི་གྱང་གི་ངོས་སུ་གོ་རིམ་སྟར་ཆགས་ཀྱི་མོན་ཁྲེ་སོའོ་རེ་སློབ་ཁྲིད་རྒྱུ་ཆ་གྲལ་སྟར་སྒྲིག་པོའི་ངང་བཤམས་འདུག སློབ་ཁྲིད་རྒྱུ་ཆ་དེ་ཚོ་ནི་ཀུན་ཕན་ཐེབས་རྩ་ཚོགས་པའི་རོགས་སྐྱོར་འོག་ )ཁྲ་ལི་བོད་ཀྱི་སྒྱུ་རྩལ་དང་རྩོམ་རིག་གོང་འཕེལ་ཚོགས་པས་ (TALI)བཟོས་པ་རེད། སྔོན་འགྲོའི་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་ཉིན་ལྟར་བོད་ཀྱི་སྲོལ་རྒྱུན་གོན་པ་གྱོན་པ་དང་སློབ་གྲྭས་བོད་ཀྱི་རིག་གནས་དང་རྨང་གཞིའི་བསླབ་གཞི་རྣམས་འདྲ་མཉམ་ཐོག་སློབ་ཁྲིད་བྱེད་ཀྱིན་ཡོད།

ཟི་ལིང་གི་ཆེས་ཐོག་མའི་བོད་ཡིག་སྔོན་འགྲོའི་སློབ་གྲྭའི་ནང་དུ་ཡོད་པའི་སློབ་མ་བཅུ་པོ་དེ་དག་དང་འཛམ་གླིང་ས་ཕྱོགས་ཀུན་གྱི་སྔོན་འགྲོའི་སློབ་གྲྭར་ཡོད་པའི་སློབ་མ་རྣམས་ཀྱི་དབར་ལ་མི་འདྲ་ས་དམིགས་བསལ་ཅང་མེད། ཁོ་ཚོར་འཛད་མཐའ་མེད་པའི་ནུས་ཤུགས་ལྡན་ཞིང་། འབྱུང་འགྱུར་རང་ཉིད་རི་མོ་མཁན་དང་། ཁ་ལོ་བ། དེ་བཞིན་སྲིད་གཞུང་གི་ལས་བྱེད་པ་ལ་སོགས་བྱེད་འདོད་ཀྱི་རྨི་ལམ་གཞན་དང་གླེང་མོལ་བྱ་རྒྱུར་དགའ། སློབ་མའི་བོད་ཡིག་གི་བྱང་ཚད་ལ་རིམ་པ་སྣ་ཚོགས་ཡོད། རང་ལོ་བཞི་ལ་སོན་པའི་བུ་མོ་ཞིག་ཡོད་པ་སྟེ། མོའི་པ་ཕ་ནི་ཧྲང་ཧའི་ལ་ཚོང་ལས་གཉེར་བཞིན་ཡོད་པ་དང་། བུ་མོ་དེ་ད་ལྟ་རང་གི་རྒྱ་རིགས་ཨ་མ་དང་པ་ཕའི་ནང་མི་དང་ལྷན་དུ་ཟི་ལིང་ལ་འཚོ་སྡོད་བྱེད་བཞིན་ཡོད། མོ་ནི་འཛིན་གྲྭའི་ནང་དུ་ཉེ་དུས་གསར་དུ་སླེབས་པའི་སློབ་མའི་གྲས་ཤིག་ཡིན་པ་དང་ད་ལྟ་མོའི་བོད་སྐད་ལ་ཡར་རྒྱས་མགྱོགས་པོ་འགྲོ་བཞིན་ཡོད།

སློབ་མ་གཞན་པ་ཚོར་མོ་དང་གཅིག་མཚུངས་ཀྱི་ཉམ་མྱོང་ཡོད་དེ། དེ་ཡང་སློབ་མའི་ཨ་མ་ཞིག་གིས་བརྗོད་གསལ་ལ། ཐོག་མར་མོ་རང་གི་བུ་མོ་བོད་ཡིག་གི་སྔོན་འགྲོའི་སློབ་གྲྭར་མ་བཏང་གོང་བུ་མོ་དེས་ནང་ལ་རྒྱ་སྐད་ཁོ་ན་ཤོད་ཀྱི་ཡོད་པ་དང་ནང་མིས་བོད་སྐད་ཤོར་རྒྱུར་སྐུལ་མ་ཡང་ཡང་བཏང་ཡང་ཕན་འབྲས་མ་ཐོན། ད་ལྟ་ཁོང་གི་བུ་མོས་བོད་སྐད་བདེ་པོར་ཤོད་པ་མ་ཟད། མཚམས་རེ་ཕ་མའི་བོད་སྐད་ཀྱི་ནོར་འཁྲུལ་ལ་ཡང་ཡོ་བསྲང་བྱེད་ཀྱི་ཡོད་སྐད།

སྔོན་འགྲོའི་སློབ་གྲྭ་ཞིག་གཉེར་བར་དཀའ་ཚེགས་མེད་པ་ནི་རྩ་བ་ནས་མིན། ཕ་ཡུལ་མཚོ་སྔོན་ཤར་ལྷོའི་མཚམས་ཀྱི་རྩེ་ཁོག་རྫོང་ནས་ཡིན་པའི་དགེ་རྒན་ཞིག་གིས་མཐོ་རིམ་གྱི་སློབ་མ་དང་བྱིས་པ་ཆུང་ཆུང་གཉིས་བར་གྱི་སློབ་ཁྲིད་བྱ་ཐབས་མི་འདྲ་བའི་སྐོར་ལ་འགྲེལ་བཤད་གནང་། ཁོང་གིས་བྱིས་པར་སློབ་ཁྲིད་བྱ་སྐབས་རྩེད་མོ་དང་རོལ་རྩེད་གཉིས་སློབ་གསོའི་ནང་ལ་འཇུག་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པའི་འདོད་ཚུལ་འཛིན་གྱི་འདུག རྒྱ་ཆེ་གཏིང་ཟབ་ཀྱི་བོད་ཀྱི་རིག་གནས་ལ་བརྟེན་ནས་ཁོ་མོས་འབྲི་ཀློག་ཉན་གསུམ་དང་རི་མོ་འབྲི་བ་བཅས་ཀྱི་སློབ་ཚན་རྣམས་ཕུམ་སུམ་ཚོགས་ཏུ་གཏོང་ཐུབ་འདུག

ཧཱུཾ་ཆེན་ལ་རང་ཉིད་ལ་ཐོབ་པའི་ཐོག་མའི་ལེགས་འགྲུབ་ལ་བརྟེན་ནས་མུ་མཐུད་འཕེལ་རྒྱས་གཏོང་རྒྱུའི་བསམ་པ་ཤུགས་ཆེ་ཡོད་པ་སྟེ། དེ་ཡང་བརྙན་འཕྲིན་ཐོག་ཐོན་པ་དང་མཚོ་སྔོན་དང་། ཀན་སུའུ། བོད་རང་སྐྱོང་ལྗོངས་སོགས་ནས་ཡོང་བའི་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་ལ་སྦྱོང་བརྡར་སྤྲོད་པ་སོགས་ཀྱི་འབད་པ་བྱེད་ཀྱིན་ཡོད། ཉེ་དུས་ཁོང་གིས་ཁྲ་ལི་བོད་ཀྱི་སྒྱུ་རྩལ་དང་རྩོམ་རིག་གོང་འཕེལ་ཚོགས་པ་དང་མཉམ་ལས་ཐོག་ཟི་ལིང་གི་བོད་ཡིག་ཚགས་པར་ཐོག་དམིགས་བསལ་བྱིས་པའི་ལེ་ཚན་ཞིག་བཟོ་འགོ་བཙུགས། ཧཱུཾ་ཆེན་གྱིས་རང་ཉིད་ཀྱི་བྱ་གཞག་འདིས་བོད་རིགས་ཀྱི་མི་ཚོགས་མཐུག་པའི་གྲོང་ཁྱེར་དང་ས་ཁུལ་གཞན་དུའང་བོད་ཡིག་གི་སྔོན་འགྲོའི་སློབ་གྲྭ་འཛུགས་པར་སྐུལ་མ་ཐེབས་པའི་རེ་བ་བྱེད་ཀྱིན་འདུག ཁོང་གིས་ལོ་གཉིས་ནས་དྲུག་བར་ལ་བྱིས་པས་གང་སྦྱངས་པ་དེས་ཁོ་ཚོའི་མི་ཚེ་གཅིག་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་ནན་བཤད་གནང་གི་འདུག ཁོ་ཚོར་རང་ཉིད་ཀྱི་རིག་གནས་དང་ལོ་རྒྱུས་ཐོག་ལ་གོ་རྟོགས་ཤིག་སྤྲད་ཚེ། དེས་ཁོ་ཚོ་གང་ཟག་སྒེར་གྱི་མ་འོངས་ཀྱི་འཕེལ་རྒྱས་ཙམ་མ་ཟད་རྗེས་ཕྱོགས་ཀྱི་སློབ་གསོའི་ཐོག་ལའང་རྨང་གཞི་སྲ་བརྟན་ཞིག་སྤྲོད་རྒྱུ་ཡིན་པ་དང་། སློབ་གསོ་ཁོ་ནས་ཀྲུང་གོའི་ནུབ་ཁུལ་གྱི་བོད་རིགས་ས་ཁུལ་ལ་འཕེལ་རྒྱས་ཡོང་ཐུབ་རྒྱུ་རེད་ཅེས་ཧཱུཾ་ཆེན་གྱིས་གསུངས་ཀྱི་འདུག