You are here

བོད་ཀྱི་གསོ་རིག་བསྐྱར་དར།

སྤྱི་ལོ་༢༠༠༩ལོར་ཡོ་རོབ་མཐུན་ཚོགས་ཀྱི་མཉམ་འབྲེལ་ཞིབ་འཇུག་ལྟེ་གནས་དང་འཛམ་གླིང་དངུལ་ཁང་གཉིས་ཀྱིས་རྟོག་ཞིབ་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། སའི་གོ་ལའི་སྐམ་ས་ཆེན་པོའི་ས་ཁོངས་ཀྱི་བརྒྱ་ཆའི་༡༠ལ་མ་ཟིན་ཙམ་ཁོ་ན། མི་འབོར་༥༠༠༠༠དང་ཡང་ན་དེའི་ཡན་ལྡན་པའི་གྲོང་ཁྱེར་དང་རྒྱང་ཐག་ཉིན་གཉིས་ལས་རིང་བའི་སར་ཡོད། སའི་གོ་ལའི་མི་འབོར་འཕེལ་མགྱོགས་པ་ཙམ་མ་ཡིན་པར། འདས་པའི་དུས་རབས་གཅིག་དང་ཕྱེད་ཀའི་རིང་གི་རྨང་གཞིའི་སྒྲིག་ཆས་དང་འཕྲུལ་རིག་ལག་རྩལ་གྱི་འཕེལ་རྒྱས་ཀྱང་ཧ་ཅང་མགྱོགས་པའི་དབང་གིས། སྔོན་ཆད་ས་གཞིའི་སྟེང་གི་ཆེས་མཐའ་འཁོབ་ཏུ་ལུས་པའི་ས་ཆ་ཁག་ཀྱང་དེང་སང་སུ་ཞིག་གི་ལྟག་རྒྱབ་ར་སྐོར་དུ་གྱུར་ཡོད།

འཛམ་གླིང་སྟེང་གི་ཆེས་མཐའ་འཁོབ་ཡུལ་གྱི་གྲས་ཏེ། བོད་ཡུལ་མཐོ་སྒང་ལ་སུས་ཀྱང་འགྲན་ཟླ་བྲལ་བ་ཡིན། ཞིབ་འཇུག་བྱས་པ་ལྟར་ན་བོད་ཡུལ་མཐོ་སྒང་གི་བྱང་ཕྱོགས་ནས་ས་སྣེར་འབུད་པར་ཟླ་བ་གཅིག་ལྷག་དགོས་ཤིང་། ས་ཁོངས་འདིའི་ཆ་ཤས་འགའ་རེ་བོད་རང་སྐྱོང་ལྗོངས་ཀྱི་ནུབ་བྱང་དུ་ཡོད་པའི་ནག་ཆ་ས་ཁུལ་གྱི་ནང་དུ་ཡོད་ཅིང་། ས་ཁུལ་དེའི་ཤར་མཐའི་ས་ཁུལ་ན་ཡོད་པའི་སོག་རྫོང་ནི་བྱང་མཐའི་རྫོང་ཁག་རྣམས་དང་བསྡུར་ན་འགྲིམ་འགྲུལ་ཅུང་སྟབས་བདེ་མོད། འོན་ཀྱང་། རྫོང་འདི་སའི་གོ་ལའི་སྟེང་གི་ཆེས་ཁེར་རྐྱང་དུ་ལུས་པའི་ས་ཆའི་གྲས་ཤིག་ཡིན།

རྫོང་འདིའི་བྱང་ཤར་མཚམས་སུ་ཡོད་པའི་རོང་པོ་གྲོང་རྡལ་ཡང་གནས་སྟངས་འདི་ལས་མ་འདས། མཚོ་འཕགས་༣༧༠༠(ཡང་ན་དབྱིན་ལེ་༢་༣སྟེ། བཙན་རྒྱལ་ཐོག་ཁང་གི་མཐོ་ཚད་ཀྱི་ལྡན་བཅུ་ཡས་མས)ཡི་ས་རུ་ཡོད་པའི་གྲོང་རྡལ་འདི་ལྷ་ས་དང་ཆབ་མདོ་གཉིས་བར་གྱི་གཞུང་ལམ་གཙོ་བོའི་སྟེང་དུ་ཡོད་མོད། འོན་ཀྱང་།
ས་འདི་ནས་བཟུང་ལམ་ཇེ་རྩུབ་ཇེ་རྩུབ་ཡིན། གྲོང་རྡལ་འདིའི་ཁ་ཐོར་དུ་གནས་ཡོད་པའི་གྲོང་གསེབ་ཀྱི་ནང་ནས་རྒྱང་ཐག་ཆེས་ཉེ་ཤོས་ཀྱི་ནང་དུ་འགྲོ་ནའང་རྟ་ཐོག་ཏུ་ཉིན་གཉིས་ལ་འགྲོ་དགོས།


དེ་ལས་ཀྱང་མཐའ་འཁོབ་ཏུ་གནས་ཡོད་པའི་གྲོང་རྡལ་ནི་རྫོང་དེའི་ཤར་ལྷོའི་མཚམས་སུ་ཡོད་པའི་ཁྲི་མདོ་གྲོང་རྡལ་ཡིན། རྒྱལ་མོ་རྔུལ་ཆུའི་ཁུགས་སོ་རུ་ཡོད་པའི་ཁྲི་མདོ་ལ་གཞུང་ལམ་མེད་ཅིང་དཔྱིད་ཀའི་ཟླ་བ་ཉུང་ཤས་ཤིག་གི་ནང་མ་གཏོགས་ས་འདིར་འགྲོ་མི་ཐུབ། རྫོང་ཐོག་གི་སློབ་གྲྭ་དང་རྒྱང་ཐག་རིང་བའི་རྐྱེན་གྱིས་ས་འདིར་སློབ་ཆུང་ལོ་རིམ་དྲུག་པ་མཐར་ཕྱིན་པའི་ཡུལ་མི་ཉུང་ཉུང་ཡིན། རོང་པོ་དང་ཁྲི་མདོ་གཉིས་ཀ་ཁེར་རྐྱང་དུ་ལུས་ཡོད་པའི་རྐྱེན་གྱིས་དཔལ་འབྱོར་ཐོག་ནས་རྗེས་ལུས་ཡིན་ཞིང་། ཡུལ་མི་མང་ཆེ་བའི་ཡོང་སྒོ་འཛམ་གླིང་དངུལ་ཁང་གིས་གཏན་འཁེལ་བྱས་པའི་ཉིན་རེར་ཨ་སྒོར་༡་༢༥ཡི་དབུལ་ཕོངས་ཀྱི་ཚད་ཐིག་ལས་བརྒལ་ཐུབ་ཀྱི་མེད།
དེ་ལྟ་ནའང་། འཛམ་གླིང་སྟེང་དུ་ཆེས་མཐའ་འཁོབ་ཀྱི་གྲུ་ཁ་འདི་རུ་འཛམ་གླིང་སྟེང་གི་ཆེས་རླབས་ཆེ་བའི་སྲོལ་རྒྱུན་རིག་གནས་ཀྱི་གྲས་སུ་བགྲངས་པའི་བོད་ཀྱི་གསོ་བ་རིག་པ་བསྐྱར་དར་གྱི་ས་བོན་བཏབ་ཡོད།

བོད་ཡུལ་མཐོ་སྒང་དུ་གསོ་རིག་གི་ལོ་རྒྱུས་ལོ་ངོ་སྟོང་ཕྲག་མང་བོའི་རིང་དུ་བསྲིངས་ཡོད་མོད། འོན་ཀྱང་། ང་ཚོས་དེང་སང་བོད་ཀྱི་གསོ་རིག་ཅེས་ལག་ཉེན་བྱེད་བཞིན་པ་འདི་བོད་ཀྱི་བཙན་པོའི་དུས་རབས་སུ་(སྤྱི་ལོའི་དུས་རབས་༧ནས་༩བར)གཅིག་སྡུད་བྱས་པ་ཡིན། དུས་རབས་བདུན་པའི་དུས་མགོར་བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་ལྷོ་རྒྱུད་ཀྱི་ཡར་ཀླུང་རྒྱལ་ཕྲན་གྱི་དམག་སྣ་དྲངས་ཏེ་ཁྱིམ་མཚེས་རྒྱལ་ཕྲན་ཁག་ལས་རྣམ་པར་རྒྱལ་ནས་བོད་ཡུལ་མཐོ་སྒང་མང་ཆེ་བ་སྟོབས་ཀྱིས་དབང་དུ་བསྒྱུར། དེ་ནས་ཁོང་གིས་ཁྱིམ་མཚེས་མི་རིགས་ས་ཁུལ་དབང་དུ་བསྡུ་བའི་ལས་ལ་གཞོལ་ཞིང་།

ལས་ཀྱི་བྱ་བ་འདི་སྤྱི་ལོའི་དུས་རབས་དགུ་བར་ཡར་ཀླུང་རྒྱལ་རབས་འཇིག་པའི་བར་དུ་ཁོང་གི་རྗེས་རབས་པ་རྣམས་ཀྱིས་མཇུག་བསྐྱངས། བཙན་པོ་བོད་ཀྱི་རྒྱལ་ཁབ་རྒྱ་བསྐྱེད་པ་དང་ལྷན་དུ། བོད་ཀྱི་དཔའ་སྟོབས་ཟིལ་ཤུགས་ཆེ་བའི་དམག་དཔུང་དེ་དེང་གི་རྒྱ་གར་དང་རྒྱ་ནག པཱ་ཀིས་སི་ཐན་སོགས་ཁྱིམ་མཚེས་མངའ་ཁོངས་ཁག་གི་གྲ་རྒྱས་ཤིང་སྔོན་ཆད་མཐོང་ཐོས་མ་མྱོང་བའི་རིག་གནས་ཀྱི་ཤུགས་རྐྱེན་དང་གདོང་ཐུག་བྱུང་བ་རེད། གནས་ཚུལ་འདི་དག་ཕྱིར་ལྷ་སར་སྙན་གསེང་ཕུལ་དུས། སྲོང་བཙན་སྒམ་པོས་རང་ཉིད་ཀྱི་བཙན་པོའི་རྒྱལ་ཁབ་འཛིན་སྐྱོང་ཐད་ཕན་ཐོགས་སྲིད་པའི་བསམ་བློ་དང་ལག་རྩལ་འདི་དག་ཐད་ལ་དོ་སྣང་ཆེན་པོ་སྣང་།
དུས་སྐབས་འདིའི་རིང་དུ་རྒྱ་གར་དང་རྒྱ་ནག པིར་ཤི་ཡ་སོགས་ནས་གསོ་རིག་མཁས་དབང་རྣམས་བོད་རྒྱལ་སྲོང་བཙན་སྒམ་པོའི་ཕོ་བྲང་དུ་གདན་འདྲེན་ཞུས། དེའི་རྗེས་ཀྱི་ལོ་རབས་རྣམས་ཀྱི་ནང་དུ་ཕྱི་རྒྱལ་གསོ་རིག་མཁས་དབང་ཚོའི་མདུན་ནས་བོད་ཀྱི་སློབ་ཕྲུག་བསྐྱངས་ཏེ་གསོ་རིག་གཞུང་ལུགས་རྣམས་བོད་ཡིག་ཏུ་བསྒྱུར། སྲོང་བཙན་སྒམ་པོའི་ཚ་བོའི་ཡང་ཚ་སྟེ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་ཀྱི་ལོ་རྒྱུས་སྟེང་གི་གསོ་རིག་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དེ་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་དང་པོ་བསམ་ཡས་དགོན་དུ་ཚོགས།

བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་དང་། དེ་བཞིན་ནད་བརྟག་དང་ནད་བཅོས་ཀྱི་ལམ་སྟོན་ཚང་མ་གསོ་རིག་རྒྱུད་བཞིའི་གླེགས་བམ་ནང་དུ་འདུས་ཡོད། སངས་རྒྱས་ཆོས་ལུགས་པའི་ཁྲོད་དུ་འགའ་རེས་རྒྱུད་བཞི་སངས་རྒྱས་སྨན་གྱི་ལྷའི་གསུང་ངོ་མ་ཞིག་ཡིན་པར་འདོད་མཁན་ཡོད་ལ། མཁས་པའི་ཁྲོད་དུ་གསོ་རིག་རྒྱུད་བཞིའི་རྩོམ་པ་བོའི་ཐད་ལ་རྩོད་གླེང་ཡོད་མོད། མཁས་པ་མང་ཆེ་བས་ད་ལྟའི་གསོ་རིག་རྒྱུད་བཞི་འདི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་དུས་རབས་བཅུ་གཉིས་པའི་ནང་དུ་བརྩམས་པར་དགོངས་པ་མཐུན།


རྒྱུད་བཞིས་བོད་ཀྱི་གསོ་བ་རིག་པར་གཞུང་ལུགས་སྟེང་གི་རྨང་གཞི་བཏིངས་ཡོད། སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་སྟེ། ལུས་ཀྱང་ཕྱི་དངོས་པོ་ཡོངས་རྫོགས་དང་འདྲ་བར་ནང་སེམས་ཀྱིས་བསྐྱེད་པར་སྨྲ་བའི་ལྟ་གྲུབ་ལྟར་བོད་ཀྱི་གསོ་བ་རིག་པས་ཀྱང་ལུས་ཀྱི་ན་ཚ་ཐམས་ཅན་སེམས་ཀྱི་བགྱི་བ་དང་། ཁྱད་པར་དུ་འདོད་ཆགས་ཞེ་སྡང་གཏི་མུག་བཅས་དུག་གསུམ་དང་འབྲེལ་ནས་བལྟ་བཞིན་ཡོད། བོད་ཀྱི་གསོ་རིག་ཉམས་ལེན་པ་ཚོས་ནད་པར་འདྲི་ཞིབ་བྱེད་པ་དང་གཅིན་དང་རྩ་ཆེན་བཅུ་གཉིས་ལ་བརྟག་དཔྱོད་བྱེད་པ་བརྒྱུད་ནད་ངོས་འཛིན་བྱེད་ཀྱི་ཡོད། ལུས་སེམས་གཉིས་ཀྱི་འབྲེལ་བའི་ཐོག་ཏུ་དོ་སྣང་བྱེད་པ་བརྒྱུད། བཅོས་ཐབས་ཀྱི་ནང་དུ་སྤྱོད་ལམ་ནས་མེ་བཙའ་འཇོག་པ་དང་རྩྭ་སྨན་སྤྲོད་པ་ཚུན་ཆད་ཚུད་ཡོད། བོད་ཀྱི་རྩྭ་སྨན་ཞིག་ལ་མཚོན་ན་སྨན་སྡེབ་བྱེད་དུས་སྨན་སྣ་ལ་ལར་སྨན་རྩྭ་དང་གཏེར་རིགས། དེ་བཞིན་སྲོག་ཆགས་ཀྱི་དོན་སྣོད་སོགས་སྣ་ཁ་མི་འདྲ་བ་བཞི་ཙམ་མ་གཏོགས་མི་དགོས་ལ། ཡང་ལ་ལར་རིགས་མི་འདྲ་བ་བརྒྱ་དང་ལྔ་བཅུ་ལྷག་དགོས་པ་སོགས་འདྲ་མིན་ཡོད། འདི་ལྟར་སྡེབ་པའི་སྨན་དེ་རིལ་བུའི་རྣམ་པར་བཟོ་བ་ཡིན།

སངས་རྒྱས་ཆོས་ལུགས་ཀྱི་དར་ཁྱབ་དང་མཉམ་འགྲོས་སྒོས་བོད་ཀྱི་གསོ་རིག་ཤེས་བྱ་ཡང་དགེ་རྒན་ནས་སློབ་མ་ལ་སྤེལ་བ་བརྒྱུད་ནས་དུས་རབས་མང་བོ་སོང་ཡོད། དུས་རབས་༡༦ནང་དུ་རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྲིད་སྐྱོང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྕགས་པོ་རིའི་སྟེང་དུ་བོད་ཀྱི་གསོ་རིག་སློབ་གྲྭ་བཙུགས་པ་དང། དེའི་རྗེས་ཀྱི་ལོ་ངོ་བཞི་བརྒྱའི་རིང་ལ་སློབ་གྲྭ་འདིས་བོད་ཀྱི་སྐུ་དྲག་ཚོའི་སྨན་པ་གསོ་སྐྱོང་བྱས་པ་མ་ཟད་འབྲུག་ཡུལ་བརྩིས་པའི་ཧི་མ་ལ་ཡའི་རྒྱལ་ཕྲན་མང་བོའི་རྒྱལ་གཞུང་གི་སྨན་པ་གསོ་སྐྱོང་བྱས།

མཐར་སྤྱི་ལོ་༡༩༡༦ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐུའི་བླ་སྨན་པ་མཁྱེན་རབ་ནོར་བུ་ལགས་ཀྱིས་གསར་འཛུགས་གནང་བའི་སྨན་རྩིས་ཁང་གིས་སློབ་གྲྭ་འདིའི་མཇུག་བསྐྱངས། ལྕགས་པོ་རི་ནས་མཐར་ཕྱིན་པའི་སློབ་མ་རྣམས་ནི་གྲྭ་བཙུན་ཡིན་ལ། དུས་ཡུན་མང་ཆེ་བར་དགོན་པ་ནས་བསྡད་དེ་གྲྭ་བཙུན་ཚོར་སྨན་བཅོས་བྱས་ཡོད་མོད། འོན་ཀྱང་། སྨན་རྩིས་ཁང་གིས་འཇིག་རྟེན་པའི་ཐོག་ལ་བློ་རྩེ་གཙོ་བོ་གཏད་ཅིང་འདིས་ལས་ཁུངས་འདི་རྗེས་མར་བོད་ཀྱི་གསོ་རིག་གི་ལྟེ་གནས་ལས་ཁུངས་སུ་བསྒྱུར་བར་སྔོན་འགྲོ་བསྒྲུབས་ཡོད། དུས་རབས་༢༠བའི་ལོ་རབས་༦༠བའི་སྟོད་དུ་སྨན་རྩིས་ཁང་གི་དབུ་འཛིན་ཚོས་བོད་ཀྱི་གསོ་རིག་དེ་དེང་རབས་ཅན་དང་ཆོས་ལུགས་དང་མ་འབྲེལ་བར་བསྒྱུར་བ་དང་། རིག་རྩལ་འདི་ཉིད་ཀྱི་ནང་དུ་ཆེད་ལས་གསར་པ་འཛུགས་པ། ཚད་ལྡན་སློབ་ཚན་ལྡན་པའི་སློབ་ཁང་དུ་སྨན་པ་སྦྱོང་བརྡར་བྱེད་པ། སྨན་རྫས་ཐོན་སྐྱེད་བྱེད་པ། ནུབ་ལུགས་པ་ལྟར་སྨན་པས་ལྭ་དཀར་གྱོན་པ་སོགས་ཀྱི་ཐོག་ཤུགས་སྣོན་བརྒྱབ་ཡོད།

དུས་རབས་༢༠བའི་ལོ་རབས་༦༠བའི་དཀྱིལ་དུ་སླེབས་དུས་བོད་སྨན་དེ་གཞུང་ཕྱོགས་ཀྱི་མིག་ནང་ནས་མཐོང་ལྷུང་། སྐབས་འདིར་བོད་ཡུལ་མཐོ་སྒང་གི་ཡུལ་གྲུ་མང་ཆེ་བར་བོད་ཀྱི་གསོ་རིག་ཁྲིད་སྤེལ་དང་ལག་ལེན་གཏན་འགོག་བྱས་ཏེ། བོད་ཀྱི་གསོ་རིག་གི་སྲོལ་རྒྱུན་མང་བོ་འཇིག་པའི་མགོ་བརྩམས་ཡོད། དུས་རབས་༢༠བའི་ལོ་རབས་༧༠བའི་ལོ་སྟོད་དུ་སླེབས་དུས་བོད་ཀྱི་གསོ་རིག་དེ་ས་སྒང་ཐོག་ནས་རྩ་ཡལ་དུ་འགྲོ་བའི་གཉན་འཕྲང་དུ་སླེབས་ཡོད།

མཐའ་མར་སྤྱི་ལོ་༡༩༨༠ལོར། རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཀྱི་བྱས་ཉེས་ལེགས་བཅོས་བྱ་བར་དམིགས་པའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་དེ་བོད་ཡུལ་དུ་སླེབས། དེ་མ་ཐག་ཏུ་བོད་ཀྱི་གསོ་རིག་ལ་བོད་ཀྱི་འཕྲོད་བསྟེན་གནས་སྟངས་ལེགས་བཅོས་དང་བོད་ཀྱི་རིག་གནས་སྲུང་འཛིན་ཐད་ནུས་པ་ཆེན་པོ་ལྡན་པའི་ངོས་འཛིན་བྱུང་། ཡིན་ནའང་། བཅོས་བསྒྱུར་སྒོ་འབྱེད་ཀྱིས་ཁེ་ཕན་ངེས་ཅན་འཁྱེར་ཡོང་བ་དང་ཆབས་ཅིག་དེས་ཉེན་ཁའང་མི་ཉུང་བ་ཞིག་འཁྱེར་ནས་སླེབས། གཅིག་བསྡུས་ཐོན་སྐྱེད་ཀྱི་སྐབས་སུ་བོད་ཀྱི་ཞིང་འབྲོག་མི་དམངས་རྣམས་མཉམ་ལས་ཁང་མང་བོའི་འོག་ཏུ་བསྐྱར་སྒྲིག་བྱས་ཡོད་ལ། མཉམ་ལས་ཁང་གིས་དབུས་སྲིད་གཞུང་གི་མ་དངུལ་ལ་བརྟེན་ནས་མི་དམངས་ཀྱི་འཕྲོད་བསྟེན་འགན་སྲུང་བྱས་ཡོད། སྤྱི་ལོ་༡༩༩༠གོ་གྲངས་ལོར་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་དར་རྒྱས་སུ་ཕྱིན་པ་དང་ཆབས་ཅིག འཕྲོད་བསྟེན་འགན་སྲུང་གི་འགྲོ་སོང་དེ་རིམ་བཞིན་ཞིང་ཆེན་དང་ས་ཁུལ། དེ་བཞིན་ནད་པ་རང་ཉིད་བཅས་ཀྱི་མགོར་ལྷུང་། དེ་ལྟ་ནའང་། ནུབ་ལུགས་སྨན་བཅོས་དེ་བོད་ཀྱི་ཞིང་འབྲོག་མི་དམངས་ཀྱི་འཁོས་ཆུང་བའི་དཔལ་འབྱོར་གྱི་ནུས་པ་ལས་བརྒལ་ཡོད་ཅིང་། བོད་ཀྱི་གསོ་རིག་སྨན་བཅོས་ལམ་ལུགས་ད་རུང་ཡོངས་སུ་བསྐྱར་དར་བྱུང་ཐུབ་མེད། དེ་ལྟར་བོད་པ་མང་བོས་སྨན་པར་སྟོན་དུ་མི་འགྲོ་བའམ་འགྲོ་ཡང་ནད་པའི་གནས་སྟངས་ཉེན་ཁ་ཅན་དུ་འགྱུར་རག་བར་དུ་མི་འགྲོ་བའི་གནས་ཚུལ་འབྱུང་གི་ཡོད།

བོད་ཀྱི་གསོ་རིག་སྨན་བཅོས་ཐད་སྲིད་གཞུང་ངོས་ནས་རྒྱབ་སྐྱོར་ཇེ་ཆེ་ནས་ཇེ་ཆེ་ཡིན་མོད། འོན་ཀྱང་།སྤྱི་ལོ་༢༠༠༠ལོར་སླེབས་དུས། བོད་རང་སྐྱོང་ལྗོངས་ཀྱི་མི་འབོར་ས་ཡ་གཉིས་ལྷག་ཡོད་པ་དེ་ལ་ཞབས་ཞུ་སྒྲུབ་པར་བོད་སྨན་ཁང་ཡོངས་སུ་ནད་པའི་ཉལ་ཁྲི་༥༠༠ཙམ་དང་། དངོས་གཞིའི་སྒོ་ནས་གསོ་སྐྱོང་བྱས་པའི་སྨན་པག༡༡༠༠ཙམ་མ་གཏོགས་མེད། ནག་ཆུ་ས་ཁུལ་དུ་སྨན་པ་བྱེད་པར་མཁོ་བའི་ཆེས་དམའ་མཐའི་ལག་ཁྱེར་(འབྲིང་རིམ་སྟེ་ཨ་རིའི་associate’s degreeདང་ཕལ་ཆེར་མཚུངས)ཡོད་པའི་བོད་སྨན་སྨན་པ་༡༡༣མ་གཏོགས་མེད། ས་ཁུལ་འདིའི་ནང་གི་སྨན་པ་ཡོངས་ཀྱི་ཕྱེད་ཀ་ཡན་ལ་གཟའ་འཁོར་གཉིས་ནས་ཟླ་བ་དྲུག་གི་དུས་ཐུང་སྦྱོང་བརྡར་མ་གཏོགས་ཐོབ་མེད།
བོད་ཀྱི་སྤྱི་ཚོགས་ནང་གི་འཕྲོད་བསྟེན་གནས་སྟངས་ཧ་ཅང་ཞན་པ་མཐོང་ནས། སྤྱི་ལོ་༡༩༩༩ལོར་ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་གསོ་རིག་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ལས་ཀའི་མགོ་བརྩམས་ཏེ་བོད་ཡུལ་མཐོ་སྒང་གི་ཡུལ་གྲུ་སོ་སོར་བྱེད་སྒོ་འདྲ་མིན་སྤེལ།

བོད་རང་སྐྱོང་ལྗོངས་ཀྱི་ནང་དུ་ཀུན་ཕན་ཐེབས་རྩ་ཚོགས་པས་བྱེད་སྒོ་འདྲ་མིན་སྤེལ་ཡོད་མོད། གཙོ་བོ་ཤུགས་རྒྱག་ས་དེ་བོད་ཀྱི་གསོ་རིག་སྨན་བཅོས་ལམ་ལུགས་སྲ་བརྟན་དུ་གཏོང་བ་དང་འཕྲོད་བསྟེན་ལས་བྱེད་པར་སྤུས་ཚད་མཐོ་བའི་སྦྱོང་བརྡར་སྤྲོད་པ་སོགས་ཡིན་ལ། འདི་ལྟར་སྦྱོང་བརྡར་ཐོབ་པའི་ལས་བྱེད་རྣམས་ཀྱིས་མ་འོངས་པར་གཞི་རིམ་སྤྱི་ཚོགས་ལ་འཚམས་པའི་རིན་གོང་དམའ་ཞིང་འགྲོ་སྟབས་བདེ་བའི་འཕྲོད་བསྟེན་མ་ལག་ཅིག་སྐྲུན་ཐུབ་ངེས། འཕྲོད་བསྟེན་དོ་དམ་དང་གལ་གནད་ངོས་འཛིན། ཡུན་གནས་ཐུབ་པའི་སྨན་རིགས་ཕྱོགས་བསྡུས། སྨན་བཅོས་ལག་ལེན་ཡིག་ཚགས་སུ་འགོད་པ། རྨང་གཞིའི་འཕྲོད་བསྟེན་ལས་བྱེད་པ་སྦྱོང་བརྡར་བྱེད་པ་སོགས་ལས་ཀ་འདྲ་མིན་བསྒྲུབས་པ་བརྒྱུད། ལས་གཞི་འདིས་མཇུག་མཐར་སློབ་མ་༧༢ལ་འབྲིང་རིམ་ཐོབ་ཐང་ཐོག་ནས་སློབ་མཐར་ཕྱིན་པར་རོགས་རམ་བྱས་ཡོད་ལ་དེ་ལས་གཞན་པའི་སློབ་མ་༥༢ལ་ཆེད་སྦྱོང་ཐོབ་ཐང་(ཨ་རིའི་ནང་གི་bachelor’s degreeདང་མཚུངས)ཐོག་ནས་སློབ་མཐར་ཕྱིན་པར་རོགས་རམ་བྱས་ཡོད། དེའི་སྟེང་དུ་ད་དུང་སྨན་སློབ་༨༠ལྷག་ལ་བོད་ཀྱི་གསོ་རིག་ཐོག་ལོ་ངོ་གཉིས་ཡན་གྱི་སྦྱོང་བརྡར་སྤྲད་ཡོད་ལ། དེ་དག་ལས་མཁན་སློབ་མ་སློབ་མ་གཉིས་ཁྱད་དུ་འཕགས་ཡོད།

རོང་པོ་གྲོང་རྡལ་དང་ཁྲི་རྟོ་གྲོང་རྡལ་གཉིས་ནས་ཕེབས་པའི་འཕྲིན་ལས་དང་ཀུན་བཟང་གཉིས་ཀྱིས་འཕྲོད་བསྟེན་སྨན་བཅོས་སྔོན་ཆད་མེད་སར་གསར་དུ་འདྲེན་པའི་ཐབས་ཤེས་གནང་། རོང་པོ་གྲོང་རྡལ་ལ་མཚོན་ན་སྔོན་ཆད་གཏན་འཇགས་སྨན་པ་ཞིག་ཡོད་མྱོང་མེད་ལ། ཁྲི་རྟོ་གྲོང་རྡལ་ལ་སྨན་པ་གཉིས་ཡོད་མོད་གཅིག་ནི་གྲོངས་སོང་ལ་གཞན་པ་དེ་ལོ་རྒས་དྲགས་པའི་རྐྱེན་གྱིས་སྨན་བཅོས་ལག་ལེན་བྱེད་མ་ཐུབ་པར་ལྷ་སར་གནས་སྤོ་བྱས། དེ་ལྟར་ས་གནས་སུ་འཕྲོད་བསྟེན་ཁང་མེད་པའི་རྐྱེན་གྱིས་ཡུལ་མི་རྣམས་ཀྱིས་རྟ་ཞོན་ནས་དབྱིན་ལེ་དགུ་བཅུའི་ས་ན་ཡོད་པའི་རྫོང་མཁར་དུ་འགྲོ་དགོས། རྫོང་མཁར་དུ་འགྲོ་བར་ཀྱག་ཀྱོག་གི་གཞུང་ལམ་ཐོག་ནས་རླངས་འཁོར་དུ་བསྡད་དེ་སོང་ཚེ་ཆུ་ཚོད་མང་བོ་དགོས་ལ་རྟ་ཞོན་ཏེ་སོང་ན་ཉིན་འགའ་དགོས། གནས་སྟངས་འདིའི་དབང་གིས་ནད་པ་ལ་ལས་འགྲུལ་བཞུད་འདི་བྱེད་མི་འདོད་ལ། ན་ཚ་ཛ་དྲག་ཅན་ཚོ་རྒྱུན་པར་ལམ་བར་ནས་གྲོངས་འགྲོ་བ་ཡིན།

འཕྲིན་ལས་དང་ཀུན་བཟང་གཉིས་ཀུན་ཕན་ཐེབས་རྩ་ཚོགས་པས་༡༩༩༩ལོར་ཐེངས་དང་པོར་རྩ་འཛུགས་བྱས་པའི་རྫོང་རིམ་པའི་འཕྲོད་བསྟེན་ལས་བྱེད་པའི་སྦྱོང་བརྡར་ལ་ཞུགས། སྦྱོང་བརྡར་འདི་མཇུག་སྒྲིལ་རྗེས་ཁོང་གཉིས་ལ་ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་ཐོབ་སྟེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནས་ལོ་ངོ་བཞིའི་རིང་ཆེད་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས། སྤྱི་ལོ་༢༠༠༤ལོར་ཁོང་ཚོ་སློབ་མཐར་ཕྱིན་སྐབས། བོད་ལྗོངས་གསོ་རིག་སློབ་ཆེན་དུ་ཀུན་ཕན་གྱི་རྒྱབ་སྐྱོར་འོག་ཏུ་སློབ་སྦྱོང་བྱས་པའི་སློབ་མའི་མི་འབོར་ཕྱེད་ཀ་ལ་ཀུན་ཕན་ཐེབས་རྩ་ཚོགས་པས་བྱ་བ་ཡོངས་སུ་བཀོད་སྒྲིག་བྱེད་ཐུབ་ཡོད། འོན་ཀྱང་།འཕྲིན་ལས་དང་ཀུན་བཟང་གཉིས་ཀྱིས་རང་ཉིད་ཀྱི་སློབ་སྦྱོང་ཡོན་ཏན་དང་ཀུན་ཕན་ཐེབས་རྩ་ཚོགས་པས་བསྩལ་བའི་བོད་སྨན་ལག་བསྟར་སྔོན་འགྲོའི་ཡོ་ཆས་གཉིས་ཀ་བསྣམས་ཏེ་ཕྱིར་གཞི་རིམ་ཕ་ཡུལ་དུ་ལོག་རྒྱུ་ཐག་གིས་བཅད། བོད་སྨན་ལག་བསྟར་སྔོན་འགྲོའི་ཡོ་ཆས་ཀྱི་ནང་དུ་རྒྱུན་སྤྱོད་བོད་སྨན་ཁག་ཅིག་དང་སྨན་ཁུག སྨན་གསར་པ་ཐོན་སྐྱེད་བྱེད་པའི་ཡོ་ཆས་བཅས་ཚུད་ཡོད།

འཕྲིན་ལས་ཕྱིར་རོང་པོར་ལོག་རྗེས་ཁང་ཆུང་ཞིག་གི་ནང་ནས་བོད་སྨན་ལག་ལེན་བྱེད་འགོ་བརྩམས། ཁོས་རང་ཉིད་ཀྱི་སྨན་རྩྭ་ངོས་འཛིན་ཐད་ཐོབ་པའི་ཤེས་ཡོན་གྱི་དགེ་མཚན་སྤྱད་ནས་སོག་རྫོང་བོད་སྨན་ཁང་དང་ལྷན་དུ་སྨན་རྩྭ་དང་རིལ་བུ་བརྗེ་རེས་བྱེད་པའི་ཚོང་འབྲེལ་འཛུགས་ཐུབ་པ་བྱུང་། སོག་རྫོང་བོད་སྨན་ཁང་ནི་ཀུན་ཕན་ཐེབས་རྩ་ཚོགས་པའི་འཕྲོད་བསྟེན་ཡར་རྒྱས་གཏོང་བའི་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་སྡེ་ཁག་ཅིག་ཡིན། འཕྲིན་ལས་ཀྱི་ལས་ཀ་འདི་ལྟར་ལམ་ལྷོངས་བྱུང་ནའང་ཁོང་ལ་དེ་ལས་ཆེ་བའི་རེ་འདུན་ཡོད་པ་རེད།


སྤྱི་ལོ་༢༠༠༥ལོར་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་བྱེད་པ་སློབ་ཆུང་གསར་པ་ཞིག་འཛུགས་སྐྲུན་བྱེད་པའི་ལས་ཀར་ལྟ་རྟོག་བྱེད་དུ་འགྲོ་སྐབས་འཕྲིན་ལས་ལ་ཡང་བསྐྱར་འཕྲད་འདུག སྐབས་དེར་ཁོང་གིས་རང་ཉིད་ཀྱི་འཕྲོད་བསྟེན་སྨན་ཁང་འཛུགས་པའི་འཆར་གཞིའི་སྐོར་འགྲེལ་བཤད་བྱས། འཕྲོད་བསྟེན་སྨན་ཁང་འདིས་ཁོང་ཚོའི་སྡེ་བ་གཅིག་པུ་མ་ཡིན་པར་དེའི་མཐའ་སྐོར་གྱི་སྡེ་བ་ཁག་ལའང་འཕྲོད་བསྟེན་གྱི་ཞབས་ཞུ་སྒྲུབ་ཐུབ་རྒྱུ་རེད། བོད་སྨན་འཐུ་བ་དང་ཐོན་སྐྱེད་བྱེད་པ་བརྒྱུད། འཕྲོད་བསྟེན་སྨན་ཁང་འདིས་དབུལ་བོ་རྣམས་ལ་རིན་མེད་ཞབས་ཞུ་སྒྲུབ་པ་དང་ཆབས་ཅིག་སྨན་ཁང་རང་ཉིད་ཀྱི་མ་འོངས་ཡར་རྒྱས་ལ་མ་རྩ་གསོག་ནུས། རང་ཉིད་ཀྱི་རེ་འདུན་མགྱོགས་པོར་མངོན་འགྱུར་ཡོང་ཆེད་འཕྲིན་ལས་ཀྱིས་ཡང་བསྐྱར་ཀུན་ཕན་ཐེབས་རྩ་ཚོགས་པ་ལ་རོགས་རམ་ཞུས། སྤྱི་ལོ་༢༠༠༩ལོར། ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་འོག་ནས་འཕྲོད་བསྟེན་ཁང་གསར་འཛུགས་ཀྱི་ལས་གྲྭ་དངོས་སུ་འགོ་བརྩམས།

རང་རེའི་ལས་བྱེད་པ་ཁྲི་རྟོ་རུ་འགྲོ་སྐབས་ཀུན་བཟང་ལའང་འཕྲད་འདུག ས་གནས་སྲིད་གཞུང་དང་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཀུན་བཟང་གིས་ཁང་མིག་དགུ་ཡོད་པའི་འཕྲོད་བསྟེན་སྨན་ཁང་ཞིག་སྒོ་ཕྱེ་ཐུབ་ཡོད་པ་མ་ཟད་ཁོང་དང་མཉམ་དུ་བྱ་བ་སྒྲུབ་པར་སྨན་པ་བཞིའང་བསྡུས་འདུག མཐའ་སྐོར་གྱི་རྩྭ་ཐང་ལས་སྨན་རྩྭ་འཐུ་བ་དང་ས་གནས་མང་ཚོགས་ཀྱི་ལག་ནས་སྨན་རྩྭ་ཉོ་བ་བརྒྱུད། སྤྱི་ལོ་༢༠༠༨ལོར་ནད་རིགས་འདྲ་མིན་གྱི་ཆེད་དུ་བོད་སྨན་རིགས་སྣ་ཁ་དྲུག་ཅུ་ཐོན་སྐྱེད་བྱེད་ཐུབ་འདུག རང་སྟོབས་རང་སྤེལ་གྱི་གལ་ཆེན་རང་བཞིན་མཐོང་སྟེ་ཀུན་བཟང་གིས་སྤྱི་ལོ་༢༠༠༨ལོར་བོད་སྨན་ཐོན་སྐྱེད་བྱེད་པའི་འཕྲུལ་ཆས་ཤིག་ཉོ་བའི་ཆེད་དུ་རོགས་དངུལ་ཞུས། འཕྲུལ་ཆས་ཀྱིས་སྨན་རིགས་ཐོན་སྐྱེད་བྱས་པ་ཡིན་ན་དེས་འཕྲོད་བསྟེན་སྨན་ཁང་ལ་གཏན་འཇགས་ཡོང་སྒོ་སྐྲུན་ཐུབ་པ་མ་ཟད། གལ་སྲིད་གྲོང་རྡལ་འདི་ཕྱི་ལོགས་དང་འབྲེལ་ཐག་ཡོངས་སུ་ཆད་པ་ཡིན་ནའང་གཞི་རྩའི་འཕྲོད་བསྟེན་ཞབས་ཞུ་སྒྲུབ་ཐུབ་པ་རེད།

འཕྲིན་ལས་དང་ཀུན་བཟང་གཉིས་དང་ཁོང་གཉིས་དང་མཚུངས་པའི་གསོ་སྐྱོང་བྱས་པའི་སྨན་པ་གཞན་དག་བཅས་ཀྱི་རྒྱུན་མི་ཆད་པའི་འབད་བརྩོན་ལ་བརྟེན་ནས། དེང་སང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྲོལ་རྒྱུན་གསོ་རིག་གིས་བོད་ཡུལ་མཐོ་སྒང་གི་ཡུལ་གྲུ་སོ་སོར་གནས་པའི་གཞི་རིམ་མང་ཚོགས་རྣམས་ལ་མ་འོངས་རེ་བ་གསར་པ་ཞིག་གནང་བཞིན་ཡོད།