You are here

ལྷ་སྐུ་སྤྱན་འབྱེད།

སྨག་རུམ་གྱི་ཁྲོད་དུ། ཐོག་མར་ཁྱེད་ཀྱི་མིག་ལམ་དུ་མངོན་ཡོང་བ་ནི་ཁོང་ཚོའི་དཀར་ལོག་ལོག་གི་སྤྱན་གཉིས་ཀ་ཡིན་ལ། དེ་རྗེས་ཁོང་ཚོ་རིམ་བཞིན་སྨག་ཁྲོད་ནས་ཕྱིན་ཐོན་ཡོང་། སྐབས་དེར་ཁྱེད་ཀྱི་མིག་མདུན་དུ་ཡོད་པ་ནི། ཕྱག་ཏུ་གཡུལ་གྱི་མཚོན་ཆ་ཐོགས་ཤིང་སྐུ་ལ་གཅན་གཟན་གྱི་པགས་པས་གཡོགས་པ། དབུ་ལ་མི་མགོའི་དོ་ཤལ་གྱིས་བརྒྱན་པའི་བདུད་ཀྱི་ཆ་བྱད་ཅན་དེ་དག་ཡིན། སྒ་ལེན་སྟེང་མགོན་ཁང་ནང་གི་མག་མག་གི་འོད་ཕུང་ནང་དུ། འཇིགས་སུ་རུང་བའི་སྲུང་མ་འདི་དག་གིས་ནག་ཐིང་ཐིང་གི་རྩིག་གྱང་ངོས་སུ་གར་འཆམ་པ་ལྟར། བཞེངས་ནས་དུས་རབས་མང་བོ་ཕྱིན་པའི་དུས་དེ་རིང་ཡང་མི་རྣམས་ལ་འཇིགས་དད་གཉིས་ཀའི་ཚོར་བ་ལྷན་ཅིག་ཏུ་སྐྱེད་ཀྱི་འདུག

སྒ་ལེན་སྟེང་དགོན་པ་ནི། ལོ་རྒྱུས་ཐོག་ནས་ཁམས་ཀྱི་ཁོངས་སུ་གཏོགས་པའི་དཀར་མཛེས་ཁུལ་དགེ་སྡེ་རྫོང་མཁར་གྱི་འདབས་སུ་ཡོད། སྟོད་ཀྱི་རྩེ་མོ་གངས་ཀྱིས་གཡོགས་པའི་རི་བོའི་ཁྲོད་ནས་མར་བཞུར་ཡོང་བའི་ཆུ་བོ་ཞིག་གིས་གྲོང་སྡེ་ཆུང་ཆུང་འདི་ཕྱོགས་གཉིས་སུ་བཅད་ཡོད། གྲོང་སྡེ་འདིའི་ནང་གི་ཁྱིམ་ཚང་མང་ཆེ་བ་འབྲོག་པ་ཡིན་ལ། ཁོང་ཚོའི་དགུན་ས་དེ་ཆུ་བོ་འདིའི་འགྲམ་རྒྱུད་གཅིག་ཏུ་ཆགས་ཡོད། འགྲམ་ངོགས་གཞན་པ་དེར་སྒ་ལེན་དགོན་ཞེས་གྲགས་པའི་དགོན་པ་ཆེན་པོ་ཞིག་ཆགས་ཡོད། ནམ་རྒྱུན་གྱང་ལ་དཀར་རྩི་བཏང་ཞིང་རྡོ་ཡིས་བརྩིགས་པའི་བོད་ཁུལ་གཞན་པའི་ཁང་བ་དང་མི་འདྲ་བར། ས་འདིར་ཁང་བ་ཚང་མ་ཤིང་དང་འཇིམ་གྱིས་བཟོས་ནས་སྟེང་དུ་ཚོན་རྩི་དམར་སེར་རྒྱག་གི་ཡོད། ཁང་བ་ཞིག་གི་རྒྱབ་ངོས་སུ་གཞི་སྐྱ་བོའི་སྟེང་དུ་ཚོན་དཀར་དམར་གཉིས་ཀྱིས་ཁྲ་ཤུར་ཕབ་ནས། ནང་དུ་གཞིས་བཅའ་མཁན་ནི་བོད་བརྒྱུད་ནང་བསྟན་གྱི་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ལ་དད་མཁན་ཡིན་པ་སྟོན་གྱི་ཡོད།

སྒ་ལེན་དགོན་ནི་རང་ཉིད་ཀྱི་མིང་སྩོལ་སའི་ཤོག་སྡེ་འདིའི་ལྟེ་བ་རུ་གནས་ཡོད། ཡུལ་འདིའི་དགོན་པ་ཐོག་མ་ནི། སྤྱི་ལོ་དུས་རབས་དགུ་བའི་ནང་དུ་། ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིས་བོད་རྒྱལ་མཐའ་མ་གླང་དར་མ་སྐུ་བགྲོངས་རྗེས་བོད་ཡུལ་དབུས་གཙང་ནས་མར་བྲོས་ཡོང་བའི་སྐབས་སུ་བཞེངས་པ་ཡིན་པར་བཤད། འོན་ཀྱང་། དགོན་པ་འདི་ནི་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིས་བཞེངས་པ་མ་ཡིན་པར། དེ་ནི་ས་པཎ་གྱི་དངོས་སློབ་གྲགས་ཅན་སྒ་ཨ་གཉན་དམ་པ་ཡིས་ཕྱག་འདེབས་མཛད་པ་ཡིན་ལ། ཁོང་གི་མཚན་ཡང་དགོན་པ་འདིར་གསོལ་བ་ཡིན། འགའ་རེས་མིང་འདི་ཐོགས་དོན་ནི། ཨ་གཉན་དམ་པ་ཁོང་དུས་རབས་བཅུ་གསུམ་པའི་ནང་རྒྱ་ནག་ནས་ཕྱིར་ཕེབས་སྐབས་ཁོང་གིས་གནས་འདིར་རྟ་སྒ་བླངས་པ་ཡིན་པས་སྒ་ལེན་ཞེས་གྲགས་པར་བཤད་མོད། མང་ཤོས་ཀྱིས་འདི་ནི་ཁོང་གི་རུས་ཀྱི་མིང་སྟེ་སྒ་ཞེས་པ་ལས་བླངས་པར་བཤད། ཨ་གཉན་དམ་པས་སྒ་ལེན་སྟེང་གི་མགོན་ཁང་བཞེངས་པ་ཡིན་ལ། ཁོང་གིས་སྦྱིན་བདག་གནང་ནས་མགོན་ཁང་གི་གྱང་ངོས་སུ་ས་སྐྱའི་བསྟན་སྲུང་བརྒྱད་ཀྱི་གྱང་ཐང་བཞེངས་པ་ཡིན།

མགོན་ཁང་ནི་བོད་ཡུལ་ཡོངས་ཀྱི་དགོན་པ་ཚང་མའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན། མགོན་ཁང་ནི་ཐར་པའི་ལམ་གྱི་བགེགས་དང་བར་ཆད་ཚར་གཅོད་པར་བྱེད་པའི་འཇིགས་རུང་གི་ཆོས་སྐྱོང་སྲུང་མའི་གནས་སུ་བཞེངས་པ་ཡིན། དཔལ་ནག་པོ་ཆེན་པོ་སྟེ་ཡོངས་གྲགས་སུ་ཆོས་སྐྱོང་མགོན་པོ་ཞེས་གསོལ་བ་དེ་ཡང་འདི་དག་གི་གྲས་ཤིག་ཡིན། ཆོས་སྲུང་འདི་དག་གི་གནས་སུ་བཞེངས་པའི་ལྷ་ཁང་གི་ནང་དུ་ནམ་རྒྱུན་མཚོན་ཆ་དང་གཅན་གཟན་གྱི་པགས་པ་སོགས་ཀྱིས་བརྒྱན་གྱི་ཡོད་ལ། གྱང་ངོས་སུ་ནག་ཅིང་ཟབ་པའི་གཞི་ངོས་སུ་འཇིགས་རུང་གི་སྲུང་མ་དག་གི་གྱང་ཐང་བཞེངས་ཀྱི་ཡོད།

སྒ་ལེན་སྟེང་གི་དགོན་ཁང་འདི་སྔོན་ཆད་དགོན་པ་ཆེན་པོ་ཞིག་གི་ཆ་ཤས་ཤིག་ཡིན་མོད། འོན་ཀྱང་། དགོན་པའི་རྣམ་པ་མང་ཆེ་བ་རིག་གནས་གསར་བརྗེའི་སྐབས་སུ་རྩ་གཏོར་བྱས་པ་རེད། སྟབས་ལེགས་པ་ཞིག་ལ། མགོན་ཁང་སྐབས་དེར་འབྲུ་མཛོད་དུ་བསྒྱུར་བས་གནོན་འཚེ་ཆེན་པོ་མ་ཐེབས། དེ་ལྟ་ནའང་། ལོ་ངོ་མང་བོའི་རིང་ལ་བདག་སྐྱོང་མ་བྱས་པ་དང་ལྷ་ཁང་འདི་དུས་ཀྱི་འགྲོས་དང་བསྟུན་ནས་རྙིང་བར་གྱུར་བ་སོགས་ཀྱི་དབང་གིས། སྤྱིར་མགོན་ཁང་སྤྱིའི་བཀོད་པ་དང་། ཁྱད་པར་དུ་མགོན་ཁང་ནང་གི་གྱང་ཐང་ལ་ཆག་འཇིག་འབྱུང་གི་ཡོད། དེ་བས་སྤྱི་ལོ་༢༠༠༧ལོར། ཨེ་ཤ་ཡའི་རྒྱལ་སྤྱིའི་མཛའ་འབྲེལ་མཐུན་ཚོགས་ཀྱིས་ཀུན་ཕན་ཐེབས་རྩ་ཚོགས་པ་ལ་སྒ་ལེན་སྟེང་མགོན་ཁང་གི་གྱང་ཐང་ཉམས་གསོའི་ལས་གཞིར་རོགས་སྐྱོར་གྱི་སྙན་ཞུ་ཕུལ་བ་རེད། ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་འོག་ཏུ། ཇིའུ་ལི་ཡ་སེར་ཝི་དང་ས་ར་སིའོ་ཤི་ཡ། ཨེ་མུལ་མར་ཁོ་ནིས་བཅས་ཉམས་གསོ་པ་གསུམ་གནས་ཡུལ་དུ་བཏང་སྟེ་ཉམས་སྐྱོན་གྱི་ཚབས་ཆེ་ཚད་ལ་ཞིབ་འཇུག་བྱས་རྗེས། ཉམས་གསོའི་ལས་ཀའི་མགོ་བརྩམས།

མགོན་ཁང་ནི་ཁང་བ་གྲུ་བཞི་ནར་མོ་བ་ཞིག་ཡིན་ལ་སྒེའུ་ཁུང་གཅིག་ཁོ་ན་ལས་མེད་ཅིང་། གཅིག་པོ་དེ་སྒོ་དང་ཁ་གཏད་ཀྱི་གྱང་ངོས་མཐོ་ས་ཞིག་ཏུ་ཡོད། མཐའི་རྩིག་གྱང་རྣམས་སྟེང་འོག་རིམ་པ་གཉིས་སུ་བགོས་འདུག བང་རིམ་སྟེང་མའི་ཐོག་ཏུ་མིའི་མིག་དང་ནང་ཁྲོལ་གྱི་ལྡ་ལྡི་ཡིས་བཀང་འདུག་ལ། དེའི་ཤུལ་གྱི་གྱང་ངོས་ཆེ་ཤོས་དེ་འཇིགས་སུ་རུང་བའི་སྲུང་མའི་སྐུ་བརྙན་གྱིས་བཀང་འདུག གྱང་ཐང་འདི་དག་ནི་ནག་ཐང་གི་རྣམ་པས་བཞེངས་འདུག ནག་ཐང་ནི་གནའ་བོའི་ཐང་ག་བཞེངས་སྲོལ་ཞིག་ཡིན་ལ། ཐང་ག་འདི་རིགས་ཀྱི་ནང་དུ་འཇིགས་རུང་སྲུང་མའི་སྐུ་གཟུགས་ནག་པོ་དེ། གསེར་གྱི་ཐིག་རིས་ལ་བརྟེན་ནས་གཞི་ངོས་ནག་པོའི་ཐོག་ནས་ཚུར་མངོན་པར་བྱེད་ཀྱི་ཡོད། ཐང་ག་བཞེངས་སྲོལ་འདི་དུས་རབས་དགུ་བ་ནས་བཟུང་དར་ཡོད་པའི་དཔེ་མཚོན་ཏུན་ཧོང་བྲག་ཕུག་ནས་རྙེད་མོད། འོན་ཀྱང་། དངོས་སུ་ཤུགས་ཆེན་དར་བ་ནི་དུས་རབས་བཅུ་བདུན་པ་ནས་དུས་རབས་བཅུ་དགུ་བ་བར་ཡིན། སྲུང་མ་གཙོ་བོ་རེ་རེའི་སྐུ་བརྙན་གྱི་ཀླད་དུ། སྲུང་མ་གང་དེ་བསྟེན་པ་དང་འབྲེལ་བའི་ཆོས་སྤེལ་མཁན་གྱི་བརྒྱུད་པའི་བླ་མ་རྣམས་ཀྱི་སྐུ་བརྙན་ཐིག་རིས་དམར་པོ་ཞིབ་མོ་ཞིག་གིས་བཞེངས་ཡོད།

མགོན་ཁང་གི་བར་ཁྱམས་གྱི་གྱང་ངོས་སུ་ནག་པོ་ཆེན་པོའི་སྐུའི་བཀོད་པ་མི་འདྲ་བ་སྣ་ཚོགས་གསལ་བའི་གྱང་ཐང་བཞེངས་འདུག་པ་མ་ཟད། ད་དུང་དབུས་ཨེ་ཤེ་ཡའི་དཔའ་བོའི་ཆ་བྱད་ཅན་གྱི་བག་རྩེ་སྐུའི་རྣམ་པ་གཞན་པ་ཅན་ཞིག་ཀྱང་བཞེངས་འདུག ལྷ་ཁང་འདིའི་ནང་དུ་གཡས་སྐོར་གྱིས་འཁོར་ནས་སོང་ན། རྩིག་གྱང་རྗེས་མའི་ངོས་སུ་གནོད་སྦྱིན་མ་ཧཱ་ཀ་ལ་ཚུད་པའི་མ་ཧཱ་ཀ་ལའི་སྐུའི་བཀོད་པ་ཡང་བསྐྱར་མི་འདྲ་བ་གཉིས་བཞེངས་འདུག མ་ཧཱ་ཀ་ལ་སྟེ་མགོན་པོའི་སྐུའི་བཀོད་པ་འདི་ནི་དྲང་སྲོང་དང་འདྲ་བའི་དབུ་སྐྲ་དང་སྨྲ་ར་གཟེངས་ཤིང་ཕྱག་ཏུ་རྐང་གླིང་བསྣམས་པ། མཆེ་བ་གཙིགས་པའི་གནོད་སྦྱིན་ནག་པོའི་ཆ་ལུགས་ཅན་ཞིག་རེད་འདུག་ལ། འདི་ནི་དཔལ་ལྡན་ས་སྐྱའི་ཆོས་བརྒྱུད་དུ་བསྙེན་སྒྲུབ་ཚུལ་མཐུན་དང་དབང་ལུང་མ་ཐོབ་པའི་གདུལ་བྱ་རྣམས་ལ་མགོན་པོ་གདོང་བཞི་བའི་སྐུར་བཞེངས་པ་ཡིན། གྱང་དེ་ག་རང་གི་འདབས་ཕྱོགས་ཙམ་ན་དུར་ཁྲོད་གཉིས་ཀ་དང་དཔལ་ལྡན་དམག་ཟོར་རྒྱལ་མོའི་སྐུ་བཞེངས་འདུག དམག་ཟོར་རྒྱལ་མོ་ནི་ཐོག་མར་དཔལ་ལྡན་ས་སྐྱ་པས་བསྟེན་པ་ཡིན་ལ། རིམ་བཞིན་དགེ་ལུགས་པའི་ཁྲོད་དུའང་དར་ཁྱབ་བྱུང་ནས། རྗེས་སོར་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་དམིགས་བསལ་གྱི་སྲུང་མར་གྱུར་ཡོད།

སྒོ་ཐད་དུ་ཡོད་པའི་གྱང་ཐང་གི་སྲུང་མ་གཙོ་བོའི་སྐུ་མཐོང་རྒྱུ་མི་འདུག་ལ། དེའི་ཤུལ་དུ་མངོན་པ་ནི་མེ་དཔུང་ཞིག་རེད། སྤྱིར་འདི་ནི་དཀོན་མོད། འོན་ཀྱང་། ནམ་རྒྱུན་སྐུ་འདི་ལྟར་བྲིས་པ་དེས། སེམས་ཅན་ཐམས་ཅད་ཀྱི་དགོས་མཁོ་དང་བསྟུན་ནས། གང་ལ་གང་འཚམས་དེ་ལ་དེ་ཤར་གྱི་མཐུ་ནུས་དང་ལྡན་པའི་དུས་གསུམ་སངས་རྒྱས་ཀྱི་མཛད་པ་མཚོན་པ་ཡིན། མེ་དཔུང་ཁྲོད་ཀྱི་སེམས་ཅན་ཚོའི་ཁ་འཁོར་ཕྱོགས་དེ་གྱང་ཐང་མཐའ་མ་དེའི་སྟེང་གི་སྲུང་མ་གཙོ་བོ་མགོན་པོ་གུར་ཡིན་པ་གསལ་བོ་རེད། འོད་ཀོར་དེའི་མཐའ་རུ་ད་དུང་འཇིགས་སུ་རུང་བའི་སྲུང་མ་འདྲ་མིན་གྱིས་བསྐོར་འདུག ཆ་སྙོམས་སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་ནང་དུ་བཞེངས་པའི་ཐང་ག་གཞན་པ་ཚོ་དང་མི་འདྲ་བར། གྱང་ཐང་འདི་ལ་དུས་རབས་བཅུ་དགུ་བའི་དུས་སྨད་དུ་བོད་ཀྱི་ཤར་ཕྱོགས་སུ་དར་བའི་ཐང་ག་བཞེངས་སྲོལ་གྱི་ཁྱད་ཆོས་མངོན་འདུག གྱང་ཐང་འདིས་ཕལ་ཆེར་སྔོན་ཆད་བེད་སྤྱོད་བཏང་མྱོང་བའི་ས་མིག་ཅིག་བཀབ་འདུག་ཅིང་། ས་མིག་འདི་ཉམས་དམས་ཁྱད་པར་དུ་སོང་བ་ཡིན་ཤས་ཆེ།

གྱང་ཐང་མཐའ་མ་འདི་ཡོངས་རྫོགས་དཔལ་ལྡན་ས་སྐྱའི་དམིགས་བསལ་གྱི་སྲུང་མ་མགོན་པ་གུར་གྱི་ས་མིག་ཏུ་བཞག་འདུག ནམ་རྒྱུན་གྱི་ཤོད་སྲོལ་ལྟར་ན་འདི་ནི་གུར་སྲུང་བའི་སྲུང་མ་ཡིན་པར་བརྗོད་མོད། འོན་ཀྱང་། ས་སྐྱ་པའི་ཆོས་བརྒྱུད་དུ་སྲུང་མ་འདིའི་མཚན་དུ་པཎྫྲ་ཞེས་སཾ་སྐྲི་ཏའི་སྐད་རང་སོར་བཞག་ཡོད་ལ། འདི་ནི་ཕུང་བོ་འཇུག་པའི་ལྕགས་སྒམ་གྱི་དོན་ཡིན། དུར་ཁྲོད་ཀྱི་ལྷ་འདིས་སྟག་ལྤགས་བསྣམས་ཤིང་མི་མགོའི་དོ་ཤལ་གྱིས་བརྒྱན་པ་ཞིག་ཡིན་ལ། སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་འདིས། གཏི་མུག་དབང་གིས་ཕུང་བོར་བཅིངས་པའི་རྣམ་ཤེས་དེ་འགྲོལ་བའི་ནུས་མཐུ་མཚོན་པ་ཡིན། ཁོའི་མཐའ་རུ་རེ་ཅིག་མ་དང་དཔལ་ལྡན་ལྷ་མོ། ཕྱག་ན་རྡོ་རྗེ་ལ་སོགས་པའི་འཇིགས་རུང་སྲུང་མའི་ཚོགས་ཀྱིས་བསྐོར་ཡོད།

ཉམས་གསོ་པ་རྣམས་འབྱོར་སྐབས་ཐང་ག་བཞེངས་ཡོད་སའི་གྱང་དེ་གས་སྲུབས་དང་བཤུར་ཐིག་གིས་གང་འདུག འདས་པའི་དུས་ཤིག་ཏུ་འདུ་ཁང་འདི་རྨང་ནས་འགུལ་བའི་རྐྱེན་གྱིས། སྒོ་ལམ་དང་གཞི་གདན་སོགས་ལ་གཡོ་འཁྱོར་ཐེབས་ཡོད་ལ། རི་མོ་བྲིས་ཡོད་པའི་གྱང་ངོས་ཀྱི་ཆ་ཤས་ཆེན་པོ་ཤིག་ལོགས་སུ་བཅད་པ་དང་། གྲུ་ཟུར་གྱི་ཐད་ཀ་དེ་ལྷག་ཏུ་ཚབས་ཆེ། ནམ་རྒྱུན་མར་བསྐུས་པ་དང་དུས་རབས་མང་བོའི་རིང་ལ་སྤོས་དང་མཆོད་མེའི་དུ་བ་ཕོག་པའི་རྐྱེན་གྱིས་གྱང་ཐང་འདི་དག་ལྷག་ཏུ་མི་གསལ་བར་བཏང་འདུག ལྷ་ཁང་དུ་སྒེའུ་ཁུང་གཅིག་པུ་དེ་ལས་གཞན་པའི་འོད་ཀྱི་འབྱུང་ཁུངས་ནི་མཆོད་མེ་ཁོ་ན་ཡིན།

རླངས་སྣུམ་གྱི་གློག་འདོན་འཕྲུལ་འཁོར་ཞིག་ལ་བརྟེན་ནས་ལྷ་ཁང་དུ་འོད་བསྐྱེད་རྗེས། ལྷ་ཁང་གི་ད་ལྟའི་གནས་སྟངས་དང་། དེ་ཐོག་མར་བཞེངས་སྐབས་བཟོ་སྐྲུན་གྱི་ཐབས་ལམ་དང་རྒྱུ་ཆ་གང་སྤྱད་ལ་ཞིབ་འཇུག་བྱེད་པ་བརྒྱུད་གྱང་ཐག་ཉམས་གསོའི་ལས་ཀའི་མགོ་བརྩམས་པ་རེད། སྒ་ལེན་སྟེང་མགོན་ཁང་ནི་སྲོལ་རྒྱུན་གྱི་ཐབས་ལམ་སྤྱད་ནས་བཞེངས་འདུག མགོན་ཁང་གི་རྩིག་གྱང་ནི་འཇིམ་པ་དང་རྩྭ་ལྡུམ་བསྲེས་ཏེ་བཟོས་འདུག་ལ། རྩྭ་ལྡུམ་བསྲེས་པའི་འཇིམ་པ་དེ་བང་རིམ་བང་རིམ་བྱས་ཏེ་བསྐུས་ནས་མཐུག་ཚད་སྨིས་གཅིག་ཙམ་ཡོད་པའི་མཁར་གྱང་སྲ་མོ་ཞིག་ཏུ་བསྐྲུན་འདུག གྱང་ངོས་དེ་ཐང་ག་བཞེངས་སར་གྲ་སྒྲིག་བྱེད་ཆེད། ཐོག་མར་སྟེང་དུ་རྫ་བཟོའི་གྲུབ་ཆ་གཙོ་བོ་ཡིན་པའི་ཀའོ་ལིང་ས་དཀར་སྲབ་མོ་བྱུགས་པ་དང་། དེ་རྗེས་ཆུ་རྡོས་ངོས་འཇམ་པོར་བརྡར་ནས་རི་མོ་འབྲི་སར་རན་པ་བཟོ་ཡི་ཡོད།

ཉམས་གསོ་པ་རྣམས་ཀྱིས་གྱང་ཐང་གི་ངོས་ཞིག་གསོ་བྱས་ཏེ་ལས་ཀའི་མགོ་བརྩམས། ཁོང་ཚོས་ས་གནས་ཀྱི་ས་དཀར་དང་མིས་བཟོས་འབྱར་ཆུ་གཉིས་ཀ་བསྲེས་ཏེ་གྱང་སྟེང་གི་གས་སྲུབས་དང་བར་སྟོང་ཆེ་ཁག་གི་ནང་གི་བརྫངས། སྔར་ཡོད་གྱང་ཐང་གི་ངོས་ནས་མར་ལྷུང་ཡོང་བའི་ལེབ་ཆག་རྣམས་ཀྱང་གོང་བཀོད་ཀྱི་ཐབས་ལམ་སྤྱད་དེ་ཕྱིར་སྦྱར་བ་རེད། གྱང་ཐང་གི་ངོས་ཉམས་གསོ་བྱས་ཚར་རྗེས་གྱང་བཞི་བོ་གཙང་སྦྲ་བྱེད་པའི་ལས་ཀའི་མགོ་བརྩམས་པ་རེད། ཉམས་གསོ་པ་རྣམས་ཀྱིས་པིར་དང་ཆུ། ཞུན་རྫས་བཅས་ལ་བརྟེན་ནས་གྱང་ངོས་སུ་དུས་ཀྱི་འགྲོས་དང་བསྟུན་ནས་བསགས་ཡོད་པའི་རྡུལ་དྲེགས་དང་དུད་དྲེགས་རྣམས་གཙང་མར་འཕྱི་ཐུབ་པ་བྱུང་། ངོས་འགའ་རེར་སྔོན་ཆད་ཉམས་གསོ་རེ་བྱེད་སྐབས་ས་གནས་ཀྱི་ས་དཀར་གྱིས་རགས་མོས་བྱུགས་པ་ལ་བརྟེན་ནས་སྲུང་མ་གཙོ་བོ་འགའ་རེའི་ཞལ་བཀབ་པ་དེ་འདྲའང་འདུག་ལ། གནས་ཚུལ་འདི་འདྲ་དང་འཕྲད་སྐབས་ཉམས་གསོ་པ་རྣམས་ཀྱིས་བརྐོས་གྲི་ལ་བརྟེན་ནས་འཇིམ་པ་རྣམས་བཀོག་རྗེས། ཐང་གའི་རྨང་གཞི་ཁོ་རང་གི་སྟེང་ནས་ཕྱིར་ཉམས་གསོ་བྱས་པ་རེད།

ཐང་ག་འདི་དག་ལ་ཆོས་ལུགས་ཀྱི་ཐོག་ནས་མཚོན་དོན་ཧ་ཅང་ཆེ་བས། ཉམས་གསོ་བྱེད་སྐབས་ཕྱོགས་ཡོངས་ནས་ཇི་མ་ཇི་བཞིན་གྱི་ཉམས་གསོའི་ཐབས་ལམ་སྤྱད་དེ་སྐུ་བརྙན་རྣམས་ཐོག་མའི་མ་གདན་གྱི་རྣམ་པ་དང་ཐག་གང་ཉེ་ཉེ་བྱས་ཤིང་། སྲོལ་རྒྱུན་གྱི་རྒྱུ་ཆ་དང་ཐབས་ལམ་རྣམས་གང་ཐུབ་དེ་ཐུབ་ཀྱིས་བེད་སྤྱོད་བྱེད་ཆེད་དུ། ཉམས་གསོ་པ་རྣམས་ཀྱིས་གྱང་ངོས་ནས་རི་མོ་དཔེ་གཞི་བླངས་ཏེ། དབྱི་ཏ་ལིའི་རྒྱལ་ཡོངས་ཞིབ་འཇུག་ལྷན་ཚོགས་ཀྱི་ངོས་དང་སྐྱེ་མེད་རྫས་འགྱུར་རིག་པ་ཞིབ་འཇུག་ཁང་དུ་བསྐྱལ། རི་མོ་འབྲི་སྟངས་འདི་རྒྱ་བལ་གྱི་བྲིས་རྒྱུན་ལས་བླངས་པ་ཡིན་ཞིང་། དེ་ནི་ (གཡག་གཙོ་བོར་བྱས་པའི་) སྲོགས་ཆགས་ཀྱི་པགས་པ་ལས་བཟོས་པའི་སྤྱིན་ཆུའི་ནང་དུ་ས་ངོས་སྐྱེ་ལྡན་ཚོན་རྫས་དང་གཏེར་རིགས་ཚོན་རྫས་བསྲེས་པའི་ཚོན་རྩི་ལ་བརྟེན་ནས་བྲིས་པ་ཞིག་རེད། སྒ་ལེན་སྟེང་གི་མགོན་ཁང་ལ་མཚོན་ན། གྱང་ངོས་སུ་སོལ་ནག་རིམ་པ་ཞིག་བྱུགས་རྗེས་དེའི་སྟེང་དུ་ད་གཟོད་རི་མོ་རྣམས་བྲིས་པ་རེད། ཐང་གའི་སྟེང་གི་གཙོ་སྐུ་རྣམས་ནི་རིན་ཆེན་རྡོ་རིགས་ལིག་བུ་མིག་དང་ས་རམ་རྩི། བབ་བླ་དང་ཅོག་ལ་ལ་སོགས་པ་བརྡུངས་ནས་གྲུབ་པའི་ཚོན་རྫས་ཀྱིས་བྲིས་པ་དང་། གཙོ་སྐུའི་མཐའི་མུ་ཁྱུད་ནི་བབ་བླའི་སྟེང་དུ་གསེར་ཤོག་སྲབ་མོ་རིམ་པ་ཞིག་སྦྱར་ཏེ་གྲུབ་པར་བྱས་འདུག

ཉམས་གསོ་པ་གསུམ་པོས་ཟླ་ངོ་གསུམ་གྱི་དུས་ཡུན་ཁོ་ན་སྤྱད་དེ་ལྷ་ཁང་ནང་གི་ལས་ཀ་ཡོངས་སུ་གྲུབ་པར་བྱས། དབྱར་ཟླ་གསུམ་གྱི་རིང་གི་ཁོང་ཚོའི་ལས་ཀ་ལ་འོད་སྣང་སྩོལ་མཁན་གྱི་རླངས་སྣུམ་གློག་འདོན་འཕྲུལ་འཁོར་གྱི་ཁ་བརྒྱབ་ནས་དེའི་ཤུལ་དུ་འབྲུ་མར་གྱི་མཆོད་མེ་གཅིག་མཆོད་རྗེས། ཁོང་ཚོས་ཡུན་རིང་ལ་ངལ་རྩོལ་བྱེད་སའི་གྱང་ངོས་ནས་མར་བབས་ཏེ། དུས་རབས་གསུམ་གྱི་རིང་ལ་མཐོང་མ་མྱོང་བའི་ལྟད་མོ་འདི་ལ་འདྲེན་བྱེད་ཀྱིས་ཉམས་སུ་མྱངས།

གཏམ་རྒྱུད་འདི་ནི་ཨེ་ཤ་ཡའི་རྒྱལ་སྤྱིའི་མཛའ་འབྲེལ་མཐུན་ཚོགས་གྱིས་དཔེ་སྐྲུན་བྱས་པ་དང་། ས་ར་བྷིའན་ཆིན་དང་ཇིའུ་ལི་ཡ་སེར་ཝི། མོ་ནི་ཁ་ཧྥ་ཝ་རོ་དང་ཧྥི་ལི་ཕོ་ལུ་ནར་ཌོ། ས་ར་སིའོ་ཤི་ཡ་བཅས་ཀྱིས་སྤེལ་བའི་ > ཞེས་པའི་སྙན་ཐོ་དེ་གཞིར་བཟུང་བ་ཡིན་ལ། ལས་གཞི་འདིའི་སྐོར་གྱི་གནས་ཚུལ་མང་ཙམ་མཁྱེན་འདོད་ན་དྲ་ཚིགས་འདི་ལ་ཕེབས་རོགས། www.asia-ngo.com