You are here

སློབ་ཡོན།

སློབ་ཡོན།

ཀུན་ཕན་ཐེབས་རྩའི་ལས་འགུལ་དེ་དག་མཚམས་འཇོག་བྱས་པར་བརྟེན། ཀུན་ཕན་གྱི་སློབ་ཡོན་ལས་གཞི་ཡང་མཚམས་འཇོག་བྱས་ཟིན། 

སློབ་གསོ་ནི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་གཏོང་བར་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། སློབ་གསོའི་མ་ལག་སྲ་བརྟན་ཞིག་དང་། སློབ་མའི་རིག་གཞུང་དང་དགོས་མཁོར་འབྲེལ་བ་ཡོད་པ་ཞིག་ཡིན་ཚེ། དེས་སློབ་མ་སྒེར་གྱི་འཚོ་བརྟེན་ལ་ཕན་ཐོགས་པ་མ་ཟད། ད་དུང་ཁོང་ཚོའི་མདུན་ལམ་གྱི་སྐོར་ལ་བགྲོ་གླེང་བྱེད་པར་ཞུགས་པའི་མཐུན་རྐྱེན་བསྐྲུན་ཐུབ་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ལ་ཡར་རྒྱས་ཀྱི་ལམ་སྟོན་བྱེད་ཐུབ། འོན་ཀྱང་། སློབ་གསོར་འཇུག་པའི་གོ་སྐབས་དཀོན་པོ་ཡིན་ཚེ། དེས་མི་སྒེར་གྱི་ཡར་རྒྱས་ལ་གནོད་པ་ལྟ་ཅི། ཁྱོན་ཡོངས་ཀྱི་སློབ་གསོའི་མ་ལག་ཡར་རྒྱས་ཡོང་བར་འགོག་རྐྱེན་སྤྲོད།

༡༩༩༩ལོ་ནས་དངོས་སུ་མགོ་བརྩམས་ཏེ། བོད་ཀྱི་ཕ་སྐད་སློབ་གསོའི་ལམ་ལུགས་ཡར་རྒྱས་གཏོང་བར་འགན་འཁུར་ལེན་མཁན་དང་བོད་མིའི་སྤྱི་ཚོགས་ནང་ལ་འཚོ་བའི་སྤུས་ཚད་ལེགས་བཅོས་བྱེད་འདོད་ཡོད་མཁན་གྱི་སློབ་མ་སྒེར་སོ་སོར་སློབ་ཡོན་གྱི་རོགས་རམ་སྦྱིན་ཡོད། མིག་སྔར་ཀུན་ཕན་ཐེབས་རྩ་ཚོགས་པས་མུ་མཐུད་ནས་རིམ་པ་མི་འདྲ་བའི་སློབ་གསོ་འགྲིམ་མཁན་གྱི་སློབ་མ་རྣམས་ལ་སློབ་ཡོན་རྒྱབ་སྐྱོར་བྱེད་བཞིན་ཡོད།

ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་ཡོན་བྱ་དགའ་དེ་རྒྱལ་ནང་དང་རྒྱལ་སྤྱིའི་སློབ་ཡོན་བྱ་དགའ་ཞེས་རིགས་གཉིས་སུ་དབྱེ་ཡོད་པ་དང་། དེ་ཡང་གཙོར་དངོས་གཞིའི་རྗེས་ཀྱི་སློབ་སྦྱོང་དང་ཡོན་གནས། དེ་བཞིན་ཡོན་གནས་ལེན་པ་མ་ཡིན་པའི་སྦྱོང་བརྡར་རིགས་འགའ་ཞིག་ལས་གྲུབ་པ་ཞིག་རེད། སློབ་ཡོན་བྱ་དགའ་དེ་དག་གི་ནང་ནས་ལས་ཀའི་ཉམས་མྱོང་ངེས་ཅན་ལྡན་པའི་ཆེད་ལས་མི་སྣའི་རིགས་ལ་དམིགས་སུ་བཀར་བའི་ཆེད་གཉེར་སློབ་ཡོན་བྱ་དགའ་ཅུང་མང་ཙམ་ཡོད། ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་ཡོན་བྱ་དགར་སྙན་ཞུ་འབུལ་བའི་ཞིབ་ཕྲའི་གོ་རིམ་གཤམ་བསལ་ལྟར་རོ།
 

གོམ་སྟབས་དང་པོ། ཁྱེད་རང་ལ་འཚམ་ཤོས་ཀྱི་སློབ་ཡོན་བྱ་དགའ་འདེམས་དགོས།


རྒྱལ་ནང་གི་སློབ་ཡོན་བྱ་དགའ།

རྒྱལ་ནང་གི་དངོས་གཞིའི་རྗེས་ཀྱི་སློབ་ཡོན་བྱ་དགའ་འདིའི་སྦྱིན་ཡུལ་ནི་རྒྱལ་ནང་གི་མཐོ་རིམ་སློབ་ཆེན་ནང་འབུམ་རམས་པ་དང་། རབ་འབྱམས་པ། དེ་བཞིན་ཆེད་ལས་དཀོན་གྲས་ཡིན་པའི་དུས་ཐུང་གི་ཡོན་གནས་ལ་དམིགས་པ་མ་ཡིན་པའི་སྦྱོང་བརྡར་འཐོབ་མཁན་ཚོ་ཡིན། ཡོན་གནས་འཐོབ་ཆེད་ཀྱི་སློབ་ཡོན་བྱ་དགའི་རོགས་སྐྱོར་གྱི་དུས་ཡུན་རིང་ཤོས་དེ་ལོ་གསུམ་ཡིན་པ་དང་། དུས་ཐུང་སྦྱོང་བརྡར་གྱི་རོགས་སྐྱོར་དུས་ཡུན་དེ་སྤྱིར་ན་ལོ་ཕྱེད་ནས་ལོ་གཅིག་བར་ཡིན། ད་ལྟའི་ཆར་དངོས་གཞིའི་རྗེས་ཀྱི་སློབ་ཡོན་བྱ་དགའ་དེ་གཤམ་བསལ་གྱི་རིགས་ཁག་ལ་དབྱེ་ཡོད།

མཐོང་ཚོར་སྒྱུ་རྩལ་ཐོག་གི་སློབ་ཡོན་བྱ་དགའ།

སློབ་ཡོན་བྱ་དགའི་དམིགས་ཡུལ། གྲངས་འཛིན་འབྱུང་ཁུངས་ནི་དེང་རབས་འཚོ་བ་དང་ཆེད་ལས་ཁྱབ་ཁོངས་ནང་གལ་འགངས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། གྲངས་འཛིན་འབྱུང་ཁུངས་བསྐྲུན་རྒྱུ་དེ་ཐེབས་རྩ་ཚོགས་པའི་ད་ཡོད་ལས་དོན་གྱི་གཙོ་གནད་ཅིག་ཆགས་ཡོད། སློབ་ཡོན་བྱ་དགའ་འདི་སྦྱིན་པའི་དམིགས་ཡུལ་ནི་ཆ་རྐྱེན་འཛོམས་བའི་མཐོང་ཚོར་སྒྱུ་རྩལ་༼གློག་བརྙན་དང་། པར་ལེན། བརྙན་ལེན། རི་མོ་སོགས་ཚུད་༽མི་སྣས་དུས་ཡུན་ལོ་གཅིག་གི་མཐོ་རིམ་སྦྱོང་བརྡར་ལེགས་འགྲུབ་བྱ་ཆེད་སློབ་ཡོན་རོགས་རམ་བྱ་རྒྱུ་དེ་ཡིན། སློབ་ཡོན་བྱ་དགའ་འདི་འཐོབ་པའི་ཆ་རྐྱེན་ནི། སློབ་ཡོན་བྱ་དགའ་ཐོབ་མཁན་གྱིས་སྦྱོང་བརྡར་སྐབས་སམ་སྦྱོང་བརྡར་མཇུག་སྒྲིལ་རྗེས་ཀྱི་དུས་ཚོད་ངེས་ཅན་ཞིག་ནང་། ཟབ་སྦྱོང་སྐབས་གང་སྦྱངས་པའི་ཤེས་བྱ་དང་ལག་རྩལ་བེད་སྤྱད་དེ། ཀུན་ཕན་ཐེབས་རྩ་ཚོགས་པའི་གྲངས་འཛིན་འབྱུང་ཁུངས་ལས་གཞི་དང་མཐུན་པའི་གློག་བརྙན་བརྙན་འཕྲིན་གྱི་བརྩམས་ཆོས་ལས་གཞི་ཞིག་བསྒྲུབ་དགོས།

རོགས་སྐྱོར་བྱ་ཡུལ། མཐོང་ཚོར་སྒྱུ་རྩལ་གསར་གཏོད་ཀྱི་ཐོག་ཉམས་མྱོང་ངེས་ཅན་ཞིག་ཡོད་ཀྱང་ད་དུང་མུ་མཐུད་ཟབ་སྦྱོང་དགོས་པའི་བོད་རིགས་བརྗོད་བྱ་གཙོར་འཛིན་པའི་ན་གཞོན་སྒྱུ་རྩལ་པ་ཚོ་ཡིན།
 

ཞིབ་འཇུག་སློབ་མའི་ཆེད་རྩོམ་ཐད་ཀྱི་སློབ་ཡོན་བྱ་དགའ།

སློབ་ཡོན་བྱ་དགའི་དམིགས་ཡུལ། ཚད་མཐུན་གྱི་འབུམ་རམས་པའམ་རབ་འབྱམས་སློབ་མར་ཡོན་གནས་ཆེད་རྩོམ་འབྲི་ཆེད་ཞིབ་འཇུག་འགྲོ་གྲོན་དང་རྒྱུ་ཆ་བེད་སྤྱོད་འགྲོ་གྲོན་སོགས་ཀྱི་ཐོག་རོགས་དངུལ་སྤྲོད་རྒྱུ། དེང་སྐབས་བོད་རིགས་སྤྱི་ཚོགས་ཐོག་དགོས་མཁོ་ཆེ་ཡང་འཕེལ་རྒྱས་མ་བྱུང་བའི་རིག་གཞུང་ངམ་ཚན་རིག་ཁྱབ་ཁོངས་ནི་སློབ་ཡོན་བྱ་དགའ་འདིས་གལ་གནད་ཆེ་སར་འཛིན་ཡུལ་དེ་ཡིན། ཆེད་རྩོམ་གྱི་ཞིབ་འཇུག་བྱ་གཞི་དང་ཀུན་ཕན་ཐེབས་ཚོགས་པའམ་ལ་རྩེ་དཔེ་མཛོད་ཁང་གི་ད་ཡོད་ལས་གཞི་བཪ་ལ་ཕན་ཚུན་འབྲེལ་བ་ཡོད་ཚེ་དམིགས་སུ་བཀར་ནས་སྔོན་ལ་བསམ་གཞིགས་བྱ་རྒྱུ་ཡིན།

རོགས་སྐྱོར་བྱ་ཡུལ། མི་རིང་བར་རམ་ཡང་ན་ད་ལྟ་ཆེད་རྩོམ་ཞིབ་འཇུག་གམ་འབྲི་འགོ་བཙུགས་པའི་གནས་སྐབས་ཀྱི་དངོས་གཞིའི་འབུམ་རམས་པའམ་རབ་འབྱམས་སློབ་མ།
 

ཆེད་དོན་ཞིབ་འཇུག་ཐད་ཀྱི་སློབ་ཡོན་བྱ་དགའ།

སློབ་ཡོན་བྱ་དགའི་དམིགས་ཡུལ། ཞིབ་འཇུག་སློབ་ཡོན་བྱ་དགའ་འདི། དེང་སྐབས་བོད་རིགས་སྤྱི་ཚོགས་ཐོག་འཕྲལ་དུ་ཐག་གཅོད་བྱ་དགོས་པའི་འགངས་ཆེའི་གནད་དོན་དང་འབྲེལ་བ་ཡོད་པའི་གྲོས་ཚོགས་ཆེད་རྩོམ་མམ་ཡང་ན་རིག་གཞུང་དུས་དེབ་རྩོམ་ཡིག་དང་། དེ་བཞིན་ཀུན་ཕན་ཐེབས་རྩ་ཚོགས་པའི་ད་སྐབས་ཀྱི་ལྟེ་བའི་ལས་དོན་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་མ་ཟད། བྱིས་པའི་སློབ་གསོ་དང་། གྲངས་འཛིན་འབྱུང་ཁུངས། ལ་རྩེ་དཔེ་མཛོད་ཁང་༼དཀར་ཆག་བྱ་ར་དང་དེ་བཞིན་གྲངས་འཛིན་འབྱུང་ཁུངས་ལྟ་བུ་༽ལྟ་བུའི་གཞི་འཛིན་གྲངས་ཐོར་གཞི་རྟེན་བྱེད་པའི་ཚན་རིག་ཞིབ་འཇུག་ལས་གཞི་གཉིས་ལ་སྤྲོད་ཀྱི་ཡོད།

རོགས་སྐྱོར་བྱ་ཡུལ། འབྲེལ་ཡོད་ཞིབ་འཇུག་བྱ་གཞིའི་ཐོག་ཞིབ་འཇུག་གྲུབ་འབྲས་ཐོབ་ཟིན་པའི་ཆེད་ལས་མི་སྣ་དང་ལས་ཐོག་ཞིབ་འཇུག་སློབ་མ།
 

བྱིས་པའི་སློབ་གསོའི་གྲངས་འཛིན་འབྱུང་ཁུངས་ཐད་ཀྱི་སློབ་ཡོན་བྱ་དགའ།

སློབ་ཡོན་བྱ་དགའི་དམིགས་ཡུལ། བྱིས་པའི་སློབ་གསོ་ནི་བོད་ཁུལ་གྱི་དེ་ཙམ་འཕེལ་རྒྱས་མ་བྱུང་བའི་ཁྱབ་ཁོངས་ཤིག་ཡིན་གཤིས། བྱིས་པའི་རྗེས་ཕྱོགས་ཀྱི་སློབ་གསོ་མྱོང་རྒྱུར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། དེ་བཞིན་སློབ་ཁྲིད་སློབ་དེབ་ཡང་བྱིས་པའི་སློབ་གསོ་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པར་བྱེད་པའི་གང་འགངས་ཆེ་བའི་རྒྱུ་རྐྱེན་ཞིག་ཡིན།

སློབ་ཡོན་བྱ་དགའ་འདིའི་དམིགས་ཡུལ་ནི། སློབ་གསོ་ཆེད་ལས་མི་སྣས་དེང་དུས་ཤེས་བྱ་དང་ཚན་རྩལ་མཉམ་འདུས་ཀྱི་བྱིས་པའི་གྲངས་འཛིན་ཅན་གྱི་སློབ་ཁྲིད་རྒྱུ་ཆ་རྩོམ་སྒྲིག་བྱ་ཆེད་དུ་རོགས་དངུལ་སྤྲོད་རྒྱུ་དེ་ཡིན། སློབ་ཡོན་བྱ་དགའ་འདི་ཐད་ཀར་རྩོམ་སྒྲིག་འགྲོ་གྲོན་ལ་བེད་སྤྱོད་བྱས་ཆོག་ལ། ད་དུང་རྒྱལ་ནང་གི་འབྲེལ་ཡོད་སློབ་ཆེན་ནམ་ཚན་པའི་ནང་གྲངས་འཛིན་ཅན་གྱི་སློབ་དེབ་རྩོམ་སྒྲིག་ལག་རྩལ་ཟབ་སྦྱོང་བྱེད་པའི་སྦྱོང་བརྡར་འགྲོ་གྲོན་ལ་ཡང་བེད་སྤྱོད་བྱས་ཆོག

སྦྱོང་བརྡར་འཆར་གཞི་དང་ཞིབ་ཕྲའི་སློབ་དེབ་རྩོམ་སྒྲིག་གི་ལས་གཞི་གཉིས་ཕན་ཚུན་གཅིག་ལ་གཅིག་སྦྲེལ་ཡིན་དགོས། སྙན་ཞུ་འབུལ་མིས་གྲངས་འཛིན་སློབ་དེབ་རྩོམ་སྒྲིག་ཐོག་གི་ལས་གཞིའི་གྲོས་འཆར་ཡིག་གེ་འབུལ་དགོས་པ་མ་ཟད། ད་དུང་སློབ་ཡོན་བྱ་དགའ་ཐོབ་རྗེས་ཁུར་དགོས་པའི་འོས་འགན་ལ་མོས་མཐུན་བྱས་ནས། གཏན་ཁེལ་བཟོས་པའི་དུས་ཚོད་ནང་རོགས་དངུལ་སྤྲད་པའི་ལས་གཞི་ལེགས་འགྲུབ་བྱས་རྗེས་ལས་གཞིའི་སྐོར་གྱི་སྙན་ཞུ་འབུལ་དགོས། ཀུན་ཕན་ཐེབས་རྩ་ཚོགས་པའི་གྲངས་འཛིན་དཔེ་མཛོད་ཁང་གི་ཐོན་ཁུངས་བེད་སྤྱོད་བྱ་རྒྱུའི་འཆར་གཞི་ཡོད་པའི་སློབ་དེབ་ལས་གཞིར་དམིགས་སུ་བཀར་ནས་སྔོན་ལ་བསམ་གཞིགས་བྱ་རྒྱུ་ཡིན།

རོགས་སྐྱོར་བྱ་ཡུལ། བྱིས་པའི་སློབ་གསོ་གཉེར་བཞིན་པའམ་བྱིས་པའི་སློབ་གསོའི་ཆེད་ལས་གཞི་རྩ་ཡོད་པ་མ་ཟད། གྲངས་འཛིན་བརྒྱུད་ལམ་ལག་རྩལ་ལ་ནང་བྱན་ཆུད་པའི་ལས་ཐོག་ཆེད་ལས་མི་སྣ།
 

བྱིས་པའི་སློབ་གསོའི་ལས་རིགས་སྦྱོང་བརྡར་ཐད་ཀྱི་སློབ་ཡོན་བྱ་དགའ།

སློབ་ཡོན་བྱ་དགའི་དམིགས་ཡུལ།སྤུས་ཚད་མཐོ་བའི་དགེ་རྒན་དང་དོ་དམ་མི་སྣ་མི་འདང་བ་ནི་བོད་རིགས་ས་ཁུལ་གྱི་བྱིས་པའི་སློབ་གསོ་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་པའི་གལ་ཆེའི་རྒྱུ་རྐྱེན་ཞིག་རེད། སློབ་ཡོན་བྱ་དགའ་འདི་བྱིས་པའི་སློབ་གསོ་དང་སློབ་གསོ་དོ་དམ་ལས་དོན་སྒྲུབ་མཁན་གྱི་ཆེད་ལས་མི་སྣས་ཆེས་གཏིང་ཟབ་པའི་མཐོ་རིམ་སྦྱོང་བརྡར་༼ཡོན་གནས་ལེན་པའི་སྦྱོང་བརྡར་ཚུད་༽འཐོབ་རྒྱུར་རོགས་རམ་བྱ་ཆེད་བེད་སྤྱོད་བྱ་རྒྱུ་ཡིན།

རོགས་སྐྱོར་བྱ་ཡུལ། ཉུང་མཐར་ལོ་གཅིག་གི་འབྲེལ་ཡོད་ལས་ཀའི་ཉམས་མྱོང་ཡོད་པའི་བྱིས་པའི་སློབ་གསོའི་དགེ་རྒན་ནམ་བྱིས་པའི་སློབ་གསོ་དོ་དམ་མི་སྣ།
 

ཀུན་ཕན་སློབ་གྲོགས་ལས་གཞིའི་རོགས་དངུལ་བྱ་དགའ།

རོགས་དངུལ་བྱ་དགའི་དམིགས་ཡུལ། བྱ་དགའ་འདི་དམིགས་སུ་བཀར་ནས་ཀུན་ཕན་ཐེབས་རྩ་ཚོགས་པའི་དེ་སྔོན་གྱི་རྒྱའ་སྤྱིའི་སློབ་ཡོན་བྱ་དགའ་ཐོབ་པ་པོ་ལ་རོགས་དངུལ་སྤྲད་དེ། ཁོ་ཚོས་སྤྱི་ཕན་གྱི་ལས་གཞི་འཆར་འགོད་དང་ལག་བསྟར་བྱ་རྒྱུར་རོགས་རམ་བྱ་རྒྱུ་ཡིན། རོགས་དངུལ་གྱི་ཆ་རྐྱེན་དང་མཐུན་པའི་ལས་གཞི་དག་ཀུན་ཕན་ཐེབས་རྩ་ཚོགས་པའི་ད་ལྟའི་དུས་རིམ་གྱི་ལས་དོན་གཙོ་གནད་དང་དེ་བཞིན་ད་ཡོད་ལས་གཞི་དང་འབྲེལ་བ་ཡོད་དགོས། སྙན་ཞུ་འབུལ་མིས་ནང་དོན་ཆ་ཚང་བའི་ལས་གཞི་གཉེར་ཕྱོགས་ཀྱི་འཆར་གཞི་ཞིག་འབུལ་དགོས།

རོགས་སྐྱོར་བྱ་ཡུལ། དེ་སྔོན་གྱི་སློབ་ཡོན་བྱ་དགའི་འོས་འགན་ཡོངས་སུ་བསྒྲུབས་ཟིན་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་དེ་སྔོན་གྱི་རྒྱལ་སྤྱིའི་སློབ་ཡོན་བྱ་དགའ་ཐོབ་པ་པོ།
 

བོད་ཡིག་ཐོག་ནས་སློབ་སྦྱོང་བྱ་མི་དགོས་པའི་ཚན་རྩལ་ཆེད་ལས་མི་སྣའི་སློབ་ཡོན་བྱ་དགའ།

སློབ་ཡོན་བྱ་དགའི་དམིགས་ཡུལ། བོད་ཡིག་བྱང་ཆུབ་པ་མ་ཤེས་པའི་བོད་རིགས་ཆེད་ལས་མི་སྣས་ཚན་རྩལ་དང་དགོས་མཁོ་ཆེ་བའི་ཆེད་ལས་ཁྱབ་ཁོངས་ནང་ཟབ་སྦྱོང་བྱ་རྒྱུར་སློབ་ཡོན་རོགས་རམ་བྱ་རྒྱུ།

རོགས་སྐྱོར་བྱ་ཡུལ། བོད་སྐད་ཤེས་ཀྱང་བོད་ཡིག་བྱང་ཆུབ་པ་མ་ཤེས་པའི་ཚན་རྩལ་མི་སྣ་དང་། སྨན་པ། ཁྲིམས་རྩོད་པ། བཟོ་བཀོད་པ། ཁེ་ལས་དོ་དམ་པ་སོགས།
 

གཞི་རིམ་གྱི་རང་བྱུང་ཚན་རིག་དགེ་རྒན་གྱི་ཆེད་ལས་མི་སྣའི་སློབ་ཡོན་བྱ་དགའ།

སློབ་ཡོན་བྱ་དགའི་དམིགས་ཡུལ། གཞི་རིམ་གྱི་སློབ་གྲྭ་ཆུང་འབྲིང་གི་རང་བྱུང་ཚན་རིག་དགེ་རྒན་གྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ།

རོགས་སྐྱོར་བྱ་ཡུལ་དང་རེ་ཞུའི་ཆ་རྐྱེན། ཀྲོའུ་དང་རྫོང་རིམ་པའི་སློབ་གྲྭ་ཆུང་འབྲིང་ནང་རང་བྱུང་ཚན་རིག་སློབ་ཁྲིད་བྱེད་མཁན་གྱི་གཞི་རིམ་དགེ་རྒན། ཉུང་མཐར་ལོ་གསུམ་གྱི་སློབ་ཁྲིད་ཉམས་མྱོང་དང་མཐོ་རིམ་སློབ་འབྲིང་གི་བོད་ཡིག་ཆུ་ཚད་ལྡན་དགོས།

ཁྲིམས་ལུགས་དང་ཚོང་ལས་དོ་དམ་ཐད་ཀྱི་བུད་མེད་ཆེད་ལས་མི་སྣའི་སློབ་ཡོན་བྱ་དགའ།

སློབ་ཡོན་བྱ་དགའི་དམིགས་ཡུལ།བུད་མེད་དེ་བས་མང་བས་ཁྲིམས་ལུགས་དང་ཚོང་ལས་དོ་དམ་ཁྱབ་ཁོངས་ནང་གནམ་ཕྱེད་ཀའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་ལྕག་གཏོང་རྒྱུ།

རོགས་སྐྱོར་བྱ་ཡུལ་དང་རེ་ཞུའི་ཆ་རྐྱེན། ཁྲིམས་ལུགས་དང་ཚོང་ལས་རིགས་ཀྱི་དངོས་གཞིའི་རྗེས་ཀྱི་ཡོན་གནས་སློབ་གཉེར་བྱེད་འདོད་ཡོད་པའི་བུད་མེད་ཆེད་ལས་མི་སྣ། འབྲེལ་ཡོད་ལས་ཀའི་ཉམས་མྱོང་ཡོད་པར་དམིགས་སུ་བཀར་ནས་སྔོན་ལ་བསམ་གཞིགས་བྱ་རྒྱུ། མ་མཐའ་ཡང་སློབ་ཆུང་སློབ་ཐོན་སློབ་མའི་བོད་ཡིག་ཆུ་ཚད་ཡོད་དགོས།

སྤྱིར་བཏང་ཆེད་ལས་མི་སྣའི་སློབ་ཡོན་བྱ་དགའ།

སློབ་ཡོན་བྱ་དགའི་དམིགས་ཡུལ། གྲུབ་འབྲས་ངེས་གཏན་ཐོབ་ཡོད་པའི་ཆེད་ལས་མི་སྣས་སྔར་ལས་ལྷག་པའི་ཡོན་གནས་ཟབ་སྦྱོང་བྱ་རྒྱུར་རོགས་རམ་བྱ་རྒྱུ།

རོགས་སྐྱོར་བྱ་ཡུལ་དང་རེ་ཞུའི་ཆ་རྐྱེན། གོང་གི་རིགས་འདྲ་མིན་གྱི་ཆེད་ལས་མི་སྣའི་ཁྱབ་ཁོངས་ནང་མ་ཚུད་པའི་ཆེད་ལས་ཁྱབ་ཁོངས་རིགས་གཞན་གྱི་ཆེད་ལས་མི་སྣ།༼རང་བྱུང་ཚན་རིག་དང་ཆེད་ལས་དཀོན་རིགས་ལ་དམིགས་སུ་བཀར་ནས་སྔོན་ལ་བསམ་གཞིགས་བྱ་རྒྱུ་༽ སྙན་ཞུ་འབུལ་མཁན་ལ་ཉུང་མཐར་ལོ་གཉིས་ཀྱི་འབྲེལ་ཡོད་ལས་ཀའི་ཉམས་མྱོང་དང་མ་མཐའ་ཡང་མཐོ་འབྲིང་མཐར་ཕྱིན་དང་མཚུངས་པའི་བོད་ཡིག་ཆུ་ཚད་ཡོད་དགོས།

རང་བྱུང་ཚན་རིག་ཚན་ཁག་གི་བུད་མེད་སློབ་མའི་ཕུལ་བྱུང་ཞིབ་འཇུག་སློབ་མའི་སློབ་ཡོན་བྱ་དགའ།

སློབ་ཡོན་བྱ་དགའི་དམིགས་ཡུལ། བུད་མེད་དེ་བས་མང་བས་རང་བྱུང་ཚན་རིག་དང་བཟོ་སྐྲུན་རིག་པའི་མཐོ་རིམ་ཡོན་གནས་ལ་སློབ་གཉེར་བྱ་རྒྱུར་སྐུལ་ལྕག་དང་རོགས་རམ་བྱ་རྒྱུ།

རོགས་སྐྱོར་བྱ་ཡུལ་དང་རེ་ཞུའི་ཆ་རྐྱེན། ཉེ་དུས་སློབ་མཐར་ཕྱིན་ཞིང་། སྲོལ་རྒྱུན་བོད་སྨན་ཕུད་པའི་རང་བྱུང་ཚན་རིག་གི་ཐོག་ཏུ། རབ་འབྱམས་ཞིབ་འཇུག་དང་། ཡང་ན་འབུམ་རམས་ཞིབ་འཇུག་གི་སློབ་གཉེར་བྱེད་པའི་བུད་མེད་སློབ་མ། སྙན་ཞུ་འབུལ་མཁན་ལ་ངེས་པར་དུ་གཤམ་བསལ་གྱི་གཞི་རྩའི་ཆ་རྐྱེན་ལྡན་དགོས་ཏེ། དང་པོ། དངོས་གཞི་མཐར་ཕྱིན་ནས་ལོ་གཉིས་སོང་མེད་པ། གཉིས་པ། བོད་ཡིག་བྱང་ཚད་མ་མཐའ་ཡང་སློབ་ཆུང་མཐར་ཕྱིན་གྱི་ཆུ་ཚད་ཡོད་པ།

ཆེད་ལས་དཀོན་རིགས་ཀྱི་ཕུལ་བྱུང་ཞིབ་འཇུག་སློབ་མའི་སློབ་ཡོན་བྱ་དགའ།

སློབ་ཡོན་བྱ་དགའི་དམིགས་ཡུལ། ཆེད་ལས་དཀོན་རིགས་ལ་སློབ་གཉེར་བྱེད་འདོད་ཡོད་པའི་ཕུལ་བྱུང་གི་འབུམ་རམས་དང་རབ་འབྱམས་ཞིབ་འཇུག་སློབ་མར་རོགས་རམ་བྱ་རྒྱུ། ཆེད་ལས་དཀོན་རིགས་ནང་རིགས་འདྲ་མིན་གྱི་རང་བྱུང་ཚན་རིག་དང་བཟོ་སྐྲུན་རིག་པ་དང་། ཁོར་ཡུག་སྲུང་སྐྱོབ། ཁྲིམས་ལུགས། ཚོང་ལས། དཔལ་འབྱོར་རིག་པ། སེམས་ཁམས་རིག་པ། སློབ་གསོ་རིག་པ་སོགས་ཚུད་ཡོད།

རོགས་སྐྱོར་བྱ་ཡུལ་དང་ཆ་རྐྱེན། སློབ་མཐར་ཕྱིན་རྗེས་ལོ་གཉིས་ཀྱི་ནང་ཚུད་ལ་ཞིབ་འཇུག་སློབ་མར་ཡིག་རྒྱུགས་འཕྲོད་པ།༼ རང་བྱུང་ཚན་རིག་ཚན་ཁག་གི་བུད་མེད་སློབ་མའི་ཕུལ་བྱུང་ཞིབ་འཇུག་སློབ་མའི་སློབ་ཡོན་བྱ་དགར་སྙན་ཞུ་འབུལ་མཁན་ཕུད་༽བོད་ཡིག་བྱང་ཚད་དེ་མཐོ་འབྲིང་མཐར་ཕྱིན་ཆུ་ཚད་དང་མཚུངས་དགོས།
 

རྒྱལ་སྤྱིའི་སློབ་ཡོན་བྱ་དགའ།

རྒྱལ་ནང་གི་སློབ་ཡོན་བྱ་དགའ་ཕུད། ཀུན་ཕན་ཐེབས་རྩ་ཚོགས་པས་ད་དུང་རྒྱལ་སྤྱིའི་སློབ་ཡོན་བྱ་དགའ་ཉུང་ཤས་ཤིག་བཀོད་སྒྲིག་བྱས་ཡོད། རྒྱལ་སྤྱིའི་སློབ་ཡོན་བྱ་དགའ་ནི་དངོས་གཞིའི་རྗེས་ཀྱི་སློབ་གཉེར་འབའ་ཞིག་ལ་སྤྲོད་པ་དང་། ཡོན་གནས་དང་ཆེད་ལས་ཅི་འདྲ་ཞིག་ཡིན་ཡང་རོགས་རམ་བྱེད་པའི་དུས་ཡུན་ལོ་ངོ་གསུམ་ལས་བརྒལ་ཆོག་གི་མེད།

སྙན་ཞུ་འབུལ་མཁན་གྱི་བོད་ཡིག་དང་ཕྱི་རྒྱལ་སྐད་ཡིག་བྱང་ཚད་དེ་ངེས་པར་དུ་འབྲེལ་ཡོད་བྱ་དགའི་དོན་ཚན་གཏན་འབེབས་ཀྱི་ཚད་གཞི་དང་མཐུན་པ་དགོས། མིག་སྔའི་རྒྱལ་སྤྱིའི་སློབ་ཡོན་བྱ་དགའ་ནི་གཤམ་བསལ་གྱི་རིགས་བཞི་པོ་དེ་དག་ཡིན།

ཀུན་ཕན-SITདབྱིན་ཡིག་སློབ་ཁྲིད་རབ་འབྱམས་པའི་སློབ་ཡོན་བྱ་དགའ།(TSTESOL)

སློབ་ཡོན་བྱ་དགའི་དམིགས་ཡུལ། སློབ་ཡོན་བྱ་དགའ་འདི་ཀུན་ཕན་ཐེབས་རྩ་ཚོགས་པ་དང་ཨ་རིའི་ཝེན་མོན་ཋི་མངའ་སྡེའི་རྒྱལ་སྤྱིའི་ཟབ་སྦྱོང་སློབ་གླིང་(SIT)གཉིས་ཀྱིས་མཉམ་དུ་ལག་བསྟར་བྱེད་ཀྱི་ཡོད། དམིགས་ཡུལ་ནི་རིམ་པ་མཐོ་བའི་གཞི་རིམ་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་གྱི་དཔུང་ཁག་ཅིག་བསྐྲུན་རྒྱུར་རོགས་རམ་བྱས་ནས། སློབ་མའི་དབྱིན་ཡིག་ཆུ་ཚད་དམའ་བའི་རྐྱེན་གྱིས་མ་འོངས་ཟབ་སྦྱོང་བྱ་རྒྱུར་ཤུགས་རྐྱེན་ཐེབས་པའི་དཀའ་གནད་ལེགས་བཅོས་བྱ་རྒྱུ་དེ་ཡིན།
རོགས་སྐྱོར་བྱ་ཡུལ། ཁུལ་དང་རྫོང་རིམ་པའི་སློབ་གྲྭར་སློབ་ཁྲིད་བྱེད་མཁན་གྱི་ཉིན་གང་ལམ་ལུགས་ཀྱི་དབྱིན་ཡིག་དགེ་རྒན་དག སྙན་ཞུ་འབུལ་མཁན་རྣམས་ལ་གཤམ་གསལ་གྱི་གཞི་རྩའི་ཆ་རྐྱེན་ཁག་ཚང་དགོས།

ཉུང་མཐར་ལོ་ངོ་གཉིས་ལ་དངོས་སུ་དབྱིན་ཡིག་དགེ་རྒན་བྱས་པའི་ཉམས་མྱོང་ཡོད་པ།
TOEFL ཡིག་རྒྱུགས་སྤྲད་ཡོད་པ་དང་། རང་ཉིད་ཀྱི་དབྱིན་ཡིག་གི་བྱང་ཚད་དེ་རྒྱལ་སྤྱིའི་ཟབ་སྦྱོང་སློབ་གླིང་ (SIT) གི་རེ་བཏོན་ཆུ་ཚད་ལ་སླེབས་པ།
བོད་ཡིག་གི་བྱང་ཚད་དེ་མ་མཐའ་ཡང་བོད་ཡིག་སློབ་ཆུང་མཐར་ཕྱིན་སློབ་མའི་ཡོན་ཚད་དང་མཉམ་པ།

སློབ་ཡོན་བྱ་དགའི་སློབ་གླིང་འདི་དང་སློབ་གཉེར་འདིའི་སྐོར་གྱི་གནས་ཚུལ་མང་ཙམ་མཁྱེན་འདོད་ན། SITཚང་གི་དྲ་ཚིགས་ལ་གཟིགས་རོགས། དྲ་གནས། www.sit.edu/graduate/
 

ཀུན་ཕན-སྦོ་རན་ཌི་སི་རྒྱལ་སྤྱིའི་ཡར་རྒྱས་རིག་པའི་བུད་མེད་ཆེད་ལས་མི་སྣའི་སློབ་ཡོན་བྱ་དགའ། (TBWID)

སློབ་ཡོན་བྱ་དགའི་དམིགས་ཡུལ། བྱ་དགའ་འདི་ཀུན་ཕན་ཐེབས་རྩ་ཚོགས་པ་དང་སྦོ་རན་ཌི་སི་སློབ་ཆེན་གཉིས་ཀྱིས་མཉམ་གཉེར་བྱེད་ཀྱི་ཡོད་པ་དང་། དེའི་དམིགས་ཡུལ་ནི་སྒང་པ་བོད་ཀྱི་བོད་རིགས་བུད་མེད་ཆེད་ལས་མི་སྣ་ཚོས་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ཕུགས་འདུན་སྐྱེད་སྲིང་བྱ་རྒྱུར་རོགས་རམ་བྱ་རྒྱུ་དེ་ཡིན།
རོགས་སྐྱོར་བྱ་ཡུལ་དང་གཞི་རྩའི་ཆ་རྐྱེན། ཞིབ་ཕྲའི་རོགས་སྐྱོར་བྱ་ཡུལ་ནི། བྱ་གཞག་གི་དཀྱིལ་རིམ་དུ་འགྲོ་བཞིན་པའི་ཡར་རྒྱས་བྱ་གཞག་གཉེར་མཁན་གྱི་ལས་རིགས་བུད་མེད་ཚོ་ཡིན།

སྙན་ཞུ་འབུལ་མཁན་རྣམས་ལ་གཤམ་གསལ་གྱི་གཞི་རྩའི་ཆ་རྐྱེན་ཁག་ཚང་དགོས།

ཉུང་མཐར་ལོ་ངོ་གཅིག་གི་འབྲེལ་ཡོད་ལས་ཀའི་ཉམས་མྱོང་ཡོད་པ།
TOEFL ཡིག་རྒྱུགས་སྤྲད་ཡོད་པ་དང་། རང་ཉིད་ཀྱི་དབྱིན་ཡིག་གི་བྱང་ཚད་དེ་སྦོ་རན་ཌི་སི་ (Brandeis) སློབ་ཆེན་གྱི་རེ་བཏོན་ཆུ་ཚད་ལ་སླེབས་པ།
བོད་ཡིག་གི་བྱང་ཚད་དེ་མ་མཐའ་ཡང་མཐོ་འབྲིང་མཐར་ཕྱིན་སློབ་མའི་ཡོན་ཚད་དང་མཉམ་པ།

འདོད་མོས་ཡོད་མཁན་ཚོས་ཀུན་ཕན་ཐེབས་རྩ་ཚོགས་པ་དང་སྦོ་རན་ཌི་སི་སློབ་ཆེན་གཉིས་ལ་སྙན་ཞུ་དུས་མཉམ་དུ་འབུལ་དགོས། གནས་ཚུལ་ཞིབ་རྒྱས་ལ་གཟིགས་འདོད་ན་སྦོ་རན་ཌི་སི་སློབ་ཆེན་གྱི་གཞུང་འབྲེལ་གྱི་དྲ་ཚིགས་སུ་ཕེབས་རོགས།http://heller.brandeis.edu/sid/pdfs/Trace_Scholarship2015
 

ཀུན་ཕན-སྦར་ཌི་སློབ་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་རབ་འབྱམས་པའི་སློབ་ཡོན་བྱ་དགའ། (TBGSES)

སློབ་ཡོན་བྱ་དགའི་དམིགས་ཡུལ། ས་གནས་ས་ཐོག་གི་སྤྱི་ཚོགས་རིག་གནས་ཀྱི་སྲོལ་རྒྱུན་ཐོག་རྩ་བ་ཚུགས་ཤིང་། དེང་རབས་སྔོན་ཐོན་ཤེས་བྱ་དང་ལག་རྩལ་ལྡན་པའི་ཁོར་ཡུག་སྲུང་སྐྱོབ་མི་སྣར་རོགས་རམ་བྱ་རྒྱུ།

རོགས་སྐྱོར་བྱ་ཡུལ། སྦར་ཌི་སློབ་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་རབ་འབྱམས་ཆེད་ལས་དང་དབྱིན་ཡིག་ཆུ་ཚད་ཐོག་གི་རེ་བ་དང་མཐུན་ཞིང་། བོད་ཡིག་བྱང་ཆུབ་པ་ཤེས་པའི་བོད་ཁུལ་ཁོར་ཡུག་སྲུང་སྐྱོབ་ལ་འབད་པ་བྱེད་འདོད་ཡོད་མཁན་གྱི་ན་གཞོན་ཆེད་ལས་མི་སྣ་དང་སློབ་མ། འབྲེལ་ཡོད་ལས་ཀར་ཉམས་མྱོང་ཡོད་མཁན་ལ་དམིགས་སུ་བཀར་ནས་སྔོན་ལ་བསམ་གཞིགས་བྱ་རྒྱུ།
སྙན་ཞུ་འབུལ་མཁན་གྱིས་ཀུན་ཕན་ཐེབས་རྩ་ཚོགས་པ་དང་སྦཪ་ཌི་སློབ་ཆེན་ལ་དུས་མཉམ་དུ་སྙན་ཞུ་འབུལ་དགོས། ཞིབ་རྒྱས་ཤེས་འདོད་ཡོད་ཚེ་སྦཪ་ཌི་སློབ་ཆེན་གྱི་དྲ་ཚིགས་ལ་ཕེབས་རོགས། http://www.bard.edu/cep
 

ཀུན་ཕན-ཝི་ཁྲོ་རེ་ཡའི་སློབ་གསོའི་རབ་འབྱམས་པའི་སློབ་ཡོན་བྱ་དགའ།(TVUEDU)

སློབ་ཡོན་བྱ་དགའི་དམིགས་ཡུལ། སློབ་ཡོན་བྱ་དགའ་འདི་ཀུན་ཕན་ཐེབས་རྩ་ཚོགས་པ་དང་ཨོ་སི་ཁྲི་ལི་ཡ་རྒྱལ་ཁབ་ཀྱི་ཝི་ཁྲོ་རེ་ཡའི་སློབ་ཆེན་གཉིས་ཀྱིས་མཉམ་དུ་ལག་བསྟར་བྱེད་ཀྱི་ཡོད། མཉམ་འབྲེལ་སློབ་ཡོན་བྱ་དགའ་འདིའི་དམིགས་ཡུལ་ནི་ཨོ་སི་ཁྲི་ལི་ཡའི་མེལ་སྦོན་གྲོང་ཁྱེར་དུ་ཡོད་པའི་ཝི་ཁྲོ་རེ་ཡ་སློབ་གྲྭ་ཆེན་མོའི་སློབ་གསོའི་སློབ་གླིང་དུ། ཚད་ལྡན་སློབ་ཁྲིད་ལས་རིགས་པས་མཐོ་རིམ་སློབ་གསོ་རིག་པ་སློབ་གཉེར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན་ལ། དུས་ཡུན་ནི་རབ་འབྱམས་ཞིབ་འཇུག་པར་ལོ་གཉིས་དང་འབུམ་རམས་པར་ལོ་གསུམ་ཡིན།

རོགས་སྐྱོར་བྱ་ཡུལ། བོད་ཀྱི་སློབ་གསོའི་ལས་དོན་ལ་མུ་མཐུད་དུ་ཞབས་འདེགས་ཞུ་ཆེད། རང་ཉིད་ཀྱི་ཆེད་ལས་ཤེས་བྱ་གོང་མཐོར་གཏོང་འདུན་ཡོད་ཅིང་སློབ་ཁྲིད་ཉམས་མྱོང་ངེས་ཅན་ལྡན་པའི་སློབ་ཁྲིད་ལས་རིགས་པ།
སྙན་ཞུ་འབུལ་མཁན་རྣམས་ལ་གཤམ་གསལ་གྱི་གཞི་རྩའི་ཆ་རྐྱེན་ཁག་ཚང་དགོས།

ཉུང་མཐར་ལོ་ངོ་གཅིག་གི་འབྲེལ་ཡོད་སློབ་ཁྲིད་ཀྱི་ཉམས་མྱོང་ཡོད་པ།
ཡིག་ཐོག་བོད་ཡིག་ལ་བྱང་ཆུབ་པ།
དབྱིན་ཡིག་བྱང་ཚད་དེ་IELTSཡི་རྒྱུགས་སྐར་༦་༥(ཚན་ཁག་སྐར་གྲངས་༦ལས་མི་དམའ་བ)ཡོད་པའམ། ཡང་TOEFL iBTཡི་སྤྱིའི་སྐར་གྲངས་༧༩(ཉུང་མཐའ་ཡང་ཉན་རྒྱུགས་སྐར་གྲངས་༡༩་དང་། ངག་རྒྱུགས་སྐར་གྲངས་༡༩། ཀློག་རྒྱུགས་སྐར་གྲངས་༡༨། འབྲི་རྒྱུགས་སྐར་གྲངས་༢༢)ཡོད་དགོས།

སྙན་ཞུ་འབུལ་མཁན་གྱིས་ཀུན་ཕན་ཐེབས་རྩ་ཚོགས་པ་དང་ཝི་ཁྲོ་རེ་ཡ་སློབ་ཆེན་ལ་དུས་མཉམ་དུ་སྙན་ཞུ་འབུལ་དགོས། ཞིབ་རྒྱས་ཤེས་འདོད་ཡོད་ཚེ་ཝི་ཁྲོ་རེ་ཡ་སློབ་ཆེན་གྱི་དྲ་ཚིགས་ལ་ཕེབས་རོགས། http://www.vu.edu.au/
 

ཀུན་ཕན་-ཝི་སཱི་ཁན་སཱིན་གཙུག་ལག་སློབ་ཆེན་༼མཱ་ཌི་སཱན་༽གྱི་ཁོར་ཡུག་སྲུང་སྐྱོབ་རབ་འབྱམས་པའི་སློབ་ཡོན་བྱ་དགའ། (TUWEC)

སློབ་ཡོན་བྱ་དགའི་དམིགས་ཡུལ།ཀུན་ཕན་ཐེབས་རྩ་ཚོགས་པ་དང་ཝི་སཱི་ཁན་སཱིན་གཙུག་ལག་སློབ་ཆེན་གྱི་མཱ་ཌི་སཱན་ཎླ་སཱན་ཁོར་ཡུག་ཞིབ་འཇུག་སློབ་གླིང་གི་མཉམ་གཉེར་སློབ་ཡོན་བྱ་དགའི་དམིགས་ཡུལ་ནི། ཁོར་ཡུག་སྲུང་སྐྱོབ་ལ་དགའ་མོས་ཡོད་མཁན་གྱི་རྒྱུགས་འཕྲོད་པ་ཚོར་ཁོར་ཡུག་སྲུང་སྐྱོབ་འཆར་འགོད་དང་། ས་ཆ་བེད་སྤྱོད་སྲིད་ཇུས་དང་འཆར་འགོད་དང་། ཚན་རིག་དང་མཐུན་པའི་འབྲེལ་སྦྱོར། ལས་གཞིར་དཔྱད་དཔོག ཁེ་ལས་གཉེར་སྐྱོང་། འཕྲོད་མཐུན་སོགས་བཀོལ་སྤྱོད་ལག་རྩལ་ཐད་སྦྱོང་བརྡར་སྤྲོད་རྒྱུ་དེ་ཡིན། རྒྱུ་མཚན་ནི་གནད་དོན་དེ་ཚོ་ཚང་མ་སྒང་པ་བོད་ལ་འཕྲད་བཞིན་པའི་ཁོར་ཡུག་གི་གནད་དོན་དང་འབྲེལ་བ་ཡོད་པས་སོ།

རོགས་སྐྱོར་བྱ་ཡུལ། སློབ་ཡོན་བྱ་དགའ་འདིའི་སྦྱིན་ཡུལ་ནི་བོད་ཡུལ་གྱི་ཁོར་ཡུག་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གནད་དོན་སེལ་བའི་ལས་རིགས་དོན་གཉེར་བྱ་རྒྱུར་རེ་འདོད་དྲག་པོ་ཡོད་མཁན་གྱི་མི་སྒེར་དག་ཡིན། འབྲེལ་ཡོད་ལས་ཀར་ཉམས་མྱོང་ཡོད་མཁན་ལ་དམིགས་སུ་བཀར་ནས་སྔོན་ལ་བསམ་གཞིགས་བྱ་རྒྱུ། སྙན་ཞུ་འབུལ་མཁན་རྣམས་ལ་གཤམ་གསལ་གྱི་གཞི་རྩའི་ཆ་རྐྱེན་ཁག་ཚང་དགོས།

རིག་གཞུང་ཤེས་བྱ་དང་དབྱིན་ཡིག་གི་བྱང་ཚད་དེ་ཝི་སཱི་ཁན་སཱིན་གཙུག་ལག་སློབ་ཆེན་གྱིས་བཏོན་པའི་རེ་འདུན་ཆུ་ཚད་དང་མཐུན་པ།
བོད་སྐད་བདེ་པོ་སྨྲ་ཐུབ་པ།
སློབ་ཡོན་བྱ་དགའ་འདིར་འདོད་མོས་ཡོད་མཁན་ཚོས་ཀུན་ཕན་ཐེབས་རྩ་ཚོགས་པ་དང་ཝི་སཱི་ཁན་སཱིན་གཙུག་ལག་སློབ་ཆེན་གཉིས་ཀར་དུས་གཅིག་ཏུ་སྙན་ཞུ་འབུལ་དགོས།

སྙན་ཞུ་འབུལ་མཁན་གྱིས་ཀུན་ཕན་ཐེབས་རྩ་ཚོགས་པ་དང་ཝི་སཱི་ཁན་སཱིན་གཙུག་ལག་སློབ་ཆེན་གྱི་མཱ་ཌི་སཱན་ཎླ་སཱན་ཁོར་ཡུག་ཞིབ་འཇུག་སློབ་གླིང་ལ་དུས་མཉམ་དུ་སྙན་ཞུ་འབུལ་དགོས། སློབ་ཡོན་བྱ་དགའ་འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་མཁྱེན་འདོད་ཡོད་ཚེ། གཤམ་གྱི་གློག་རྡུལ་ཡིག་སྒམ་གྱི་ཁ་བྱང་(schulfer@wisc.edu)བརྒྱུད་དེ་ཎཱ་ཐན་ཤཱལ་ཕར་ལ་འབྲེལ་གཏུགས་གནང་རོགས།སློབ་གྲྭའི་གཞུང་འབྲེལ་དྲ་བ། nelson.wisc.edu/conservation 

 

 

ལས་ཐོག་དགེ་རྒན་གྱི་ཆེད་ལས་མི་སྣའི་རྒྱལ་སྤྱིའི་སློབ་ཡོན་བྱ་དགའ། (ISISEP)

རོགས་སྐྱོར་བྱ་ཡུལ། བྱ་དགའ་འདི་ཀུན་ཕན-SITདབྱིན་ཡིག་སློབ་ཁྲིད་རབ་འབྱམས་པའི་སློབ་ཡོན་བྱ་དགའི་ཁོངས་སུ་མ་ཚུད་པའི་སློབ་ཆེན་དང་སློབ་གླིང་གི་དགེ་རྒན་ཚུད་པའི་རིགས་འདྲ་མིན་གྱི་སློབ་གསོའི་ལས་དོན་མི་སྣ་ཚོ། རང་བྱུང་ཚན་རིག་ཚན་ཁག་དང་། ཁྲིམས་ལུགས། ཚོང་ལས་དོ་དམ་སོགས་ཆེད་ལས་དཀོན་རིགས་ལ་དམིགས་སུ་བཀར་ནས་སྔོན་ལ་བསམ་གཞིགས་བྱ་རྒྱུ། སྙན་ཞུ་འབུལ་མཁན་རྣམས་ལ་གཤམ་གསལ་གྱི་གཞི་རྩའི་ཆ་རྐྱེན་ཁག་ཚང་དགོས།

ཉུང་མཐར་ལོ་ངོ་གསུམ་གྱི་འབྲེལ་ཡོད་ལས་ཀའི་ཉམས་མྱོང་ཡོད་པ་དང་། རང་གི་ཆེད་ལས་ཁྱབ་ཁོངས་ནང་བྱས་རྗེས་ངེས་ཅན་ཞིག་བཞག་ཡོད་པ།
TOEFL ཡིག་རྒྱུགས་སྤྲད་ཡོད་པ་དང་། དབྱིན་ཡིག་གི་བྱང་ཚད་དེ་སྙན་ཞུ་ཕུལ་སའི་སློབ་གྲྭས་བཏོན་པའི་རེ་འདུན་ཆུ་ཚད་དང་མཐུན་པ།
བོད་ཡིག་གི་བྱང་ཚད་དེ་མ་མཐའ་ཡང་བོད་ཡིག་མཐོ་འབྲིང་མཐར་ཕྱིན་སློབ་མའི་ཆུ་ཚད་དང་མཉམ་པ།

 

སྤྱིར་བཏང་ཆེད་ལས་མི་སྣའི་རྒྱལ་སྤྱིའི་སློབ་ཡོན་བྱ་དགའ། (GIPTS)

རོགས་སྐྱོར་བྱ་ཡུལ། བྱ་དགའ་འདི་ལས་ཐོག་དགེ་རྒན་གྱི་ཆེད་ལས་མི་སྣའི་རྒྱལ་སྤྱིའི་སློབ་ཡོན་བྱ་དགའ་དང་ཀུན་ཕན-SIT དབྱིན་ཡིག་སློབ་ཁྲིད་རབ་འབྱམས་པའི་སློབ་ཡོན་བྱ་དགའི་ཁོངས་སུ་མ་ཚུད་པའི་རིགས་འདྲ་མིན་གྱི་ཆེད་ལས་མི་སྣ་ཚོ། རང་བྱུང་ཚན་རིག་ཚན་ཁག་དང་། ཁྲིམས་ལུགས། ཚོང་ལས་དོ་དམ་སོགས་ཆེད་ལས་དཀོན་རིགས་ལ་དམིགས་སུ་བཀར་ནས་སྔོན་ལ་བསམ་གཞིགས་བྱ་རྒྱུ། སྙན་ཞུ་འབུལ་མཁན་རྣམས་ལ་གཤམ་གསལ་གྱི་གཞི་རྩའི་ཆ་རྐྱེན་ཁག་ཚང་དགོས།

ཉུང་མཐར་ལོ་ངོ་གསུམ་གྱི་འབྲེལ་ཡོད་ལས་ཀའི་ཉམས་མྱོང་ཡོད་པ་དང་། རང་གི་ཆེད་ལས་ཁྱབ་ཁོངས་ནང་བྱས་རྗེས་ངེས་ཅན་ཞིག་བཞག་ཡོད་པ།
TOEFL ཡིག་རྒྱུགས་སྤྲད་ཡོད་པ་དང་། དབྱིན་ཡིག་གི་བྱང་ཚད་དེ་སྙན་ཞུ་ཕུལ་སའི་སློབ་གྲྭས་བཏོན་པའི་རེ་འདུན་ཆུ་ཚད་དང་མཐུན་པ།
བོད་ཡིག་གི་བྱང་ཚད་དེ་མ་མཐའ་ཡང་བོད་ཡིག་མཐོ་འབྲིང་མཐར་ཕྱིན་སློབ་མའི་ཆུ་ཚད་དང་མཉམ་པ།

 

ཕུལ་བྱུང་ཞིབ་འཇུག་སློབ་མའི་རྒྱལ་སྤྱིའི་སློབ་ཡོན་བྱ་དགའ།

རོགས་སྐྱོར་བྱ་ཡུལ། ཉེ་དུས་སློབ་མཐར་ཕྱིན་པའི་དངོས་གཞི་འམ་ཞིབ་འཇུག་སློབ་མ། རང་བྱུང་ཚན་རིག་དང་ཚན་རིག་ལག་རྩལ་རིགས་སློབ་གཉེར་བྱ་འདོད་ཡོད་པའི་རབ་འབྱམས་པའམ་འབུམ་རམས་པ་ཚོ་གནད་ཆེར་བཟུང་ནས་བསམ་གཞིགས་བྱ་རྒྱུ།
སྙན་ཞུ་འབུལ་མཁན་རྣམས་ལ་གཤམ་གསལ་གྱི་གཞི་རྩའི་ཆ་རྐྱེན་ཁག་ཚང་དགོས།

དངོས་གཞི་མཐར་ཕྱིན་ནས་ལོ་ངོ་གཉིས་སོང་མེད་པ།
TOEFL ཡིག་རྒྱུགས་སྤྲད་ཡོད་པ་དང་། དབྱིན་ཡིག་གི་བྱང་ཚད་དེ་སྙན་ཞུ་ཕུལ་སའི་སློབ་གྲྭས་བཏོན་པའི་རེ་འདུན་ཆུ་ཚད་དང་མཐུན་པ།
བོད་ཡིག་གི་བྱང་ཚད་དེ་མ་མཐའ་ཡང་བོད་ཡིག་མཐོ་འབྲིང་མཐར་ཕྱིན་སློབ་མའི་ཆུ་ཚད་དང་མཉམ་པ།

 

གོམ་སྟབས་གཉིས་པ། སྙན་ཞུ་འབུལ་མཁན་གྱིས་དྲ་ཐོག་ཐོ་ཁོངས་ཐོ་འགོད་བྱས་ཏེ། དྲ་ཐོག་ནས་སྙན་ཞུའི་རྒྱུ་ཆ་ཁ་སྐོང་དང་ཡར་འབུལ་བྱེད་པ།

ཁྱེད་རང་གི་དགོས་མཁོ་དང་ཡོན་ཚད་ལ་ཆེས་འཚམས་ཤོས་ཀྱི་སློབ་ཡོན་བྱ་དགའི་རིགས་གང་ཡིན་ཐག་བཅད་ཚར་རྗེས། དྲ་ཐོག་ཏུ་སོང་ནས་སློབ་ཡོན་བྱ་དགར་སྙན་ཞུ་འབུལ་མཁན་གྱི་ཐོ་ཁུངས་ཐོ་འགོད་བྱེད་དགོས། ཐོ་འགོད་བྱེད་སའི་དྲ་ཚིགས་ཁ་བྱང་ནི། https://thetracefoundation.org ཐོ་ཁོངས་འདི་ཡོད་ཚེ། ཁྱེད་ཀྱིས་སྙན་ཞུའི་རེའུ་མིག་ཁ་སྐོང་བ་དང་། སྙན་ཞུའི་རྒྱུ་ཆ་ཡར་འབུལ་བ། ཐ་ན་རང་གིས་ཕུལ་བའི་སྙན་ཞུའི་རྒྱུ་ཆར་བཟོ་བཅོས་བྱ་ཆོགཐོ་ཁུངས་ཐོ་འགོད་ཀྱི་བརྒྱུད་རིམ་ "ཐོ་འགོད་ཇི་ལྟར་བྱེད་པ་དང་སྙན་ཞུ་ཇི་ལྟར་འབུལ་བ་.”་ལྟར་རོ།

གལ་སྲིད་གནས་ཚུལ་གང་ཡང་རུང་བའི་འོག་ནས་ཁྱེད་ཀྱིས་ཐོ་ཁུངས་ཐོ་འགོད་མ་ཐུབ་པ་དང་། དྲ་ཐོག་རེའུ་མིག་ཁ་སྐོང་དང་ཡར་ཕུལ་ལེགས་འགྲུབ་མ་བྱུང་ཚེ། དུས་ཐོག་ཏུ་སློབ་ཡོན་བྱ་དགའི་གཞུང་ལས་ཁང་གི་ལས་དོན་མི་སྣར་འབྲེལ་བ་གནང་ནས་དཀའ་གནད་སེལ་ཐབས་ཐོག་བཀའ་འདྲི་གནང་རོགས། ང་ཚོའི་འབྲེལ་གཏུགས་དྲ་འཕྲིན་ཁ་བྱང་ནི། dsp@trace.org (རྒྱལ་ནང་སློབ་ཡོན་བྱ་དགའ) ifcmp@trace.org (རྒྱལ་སྤྱིའི་སློབ་ཡོན་བྱ་དགའ) ཡང་ན་ཁ་པར་ལམ་ནས་འབྲེལ་གཏུགས་བྱས་ཀྱང་ཆོག (028) 85182531 (ཀྲུང་གོ) ལས་སྒྲུབ་དུས་ཚོད་ལ་འབྲེལ་བ་གནང་རྒྱུར་དགའ་བསུ་ཞུ།
 

གོམ་སྟབས་གསུམ་པ། སྙན་ཞུའི་རེའུ་མིག་ཆ་ཚང་དང་འབྲེལ་ཡོད་རྒྱུ་ཆ་ཡོད་ཚད་ཡར་འབུལ་བའི་དུས་བཀག
རྒྱལ་ནང་སློབ་ཡོན་བྱ་དགའ།

སྤྱི་ཟླ་༩ཚེས་༣༠ཉིན་ནི་སྙན་ཞུའི་རྒྱུ་ཆ་ཡོད་ཚད་ཆ་ཚང་བའི་ངང་ཡར་འབུལ་བའི་དུས་བཀག་ཡིན།
སྙན་ཞུ་འབུལ་མཁན་གྱིས་ངེས་པར་དུ་སྤྱི་ཟླ་༩ཚེས་༣༠གོང་དུ་སྙན་ཞུའི་རེའུ་མིག་དང་ཟུར་སྣོན་རྒྱུ་ཆ་ཡོད་ཚད་རང་གི་ཐོ་ཁོངས་བརྒྱུད་དེ་ཐེབས་རྩ་ཚོགས་པར་ཡར་འབུལ་དགོས། སྤྱི་ཟླ་༩ཚེས་༣༠རྗེས་ནས། ཁྱེད་ཀྱིས་རང་གི་ཐོ་ཁོངས་ནང་རྒྱུ་ཆའི་ནང་དོན་ལ་མུ་མཐུད་ཁ་སྣོན་དང་འགྱུར་བཅོས་བྱ་མི་ཐུབ།

རྒྱལ་སྤྱིའི་སློབ་ཡོན་བྱ་དགའ།

སྤྱི་ཟླ་༡ཚེས་༢༠ཉིན་ནི་སྙན་ཞུའི་རྒྱུ་ཆ་ཡོད་ཚད་ཆ་ཚང་བའི་ངང་ཡར་འབུལ་བའི་དུས་བཀག་ཡིན།
སྙན་ཞུ་འབུལ་མཁན་གྱིས་ངེས་པར་དུ་སྤྱི་ཟླ་༡ཚེས་༢༠གོང་དུ་སྙན་ཞུའི་རེའུ་མིག་དང་ཟུར་སྣོན་རྒྱུ་ཆ་ཡོད་ཚད་རང་གི་ཐོ་ཁོངས་བརྒྱུད་དེ་ཐེབས་རྩ་ཚོགས་པར་ཡར་འབུལ་དགོས། སྤྱི་ཟླ་༡ཚེས་༢༠རྗེས་ནས། ཁྱེད་ཀྱིས་རང་གི་ཐོ་ཁོངས་ནང་རྒྱུ་ཆའི་ནང་དོན་ལ་མུ་མཐུད་ཁ་སྣོན་དང་འགྱུར་བཅོས་བྱ་མི་ཐུབ།
 

གོམ་སྟབས་རྗེས་མ་དེ་ཅི་ཞིག་ཡིན་ནམ།

རྒྱལ་ནང་སློབ་ཡོན་བྱ་དགའ།

ལོ་རེའི་སྤྱི་ཟླ་༨ནས་༡༡བར་ལ་དཔྱད་འདེམས་ཐེངས་རེ་བྱེད་ཀྱི་ཡོད་ལ། དཔྱད་འདེམས་མཇུག་འབྲས་དེ་སྤྱི་ཟླ་༡༢ཀྱི་ཟླ་མཇུག་གོང་དུ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དང་། སྤྱི་ལོའི་ལོ་གསར་ནས་འགོ་བཙུགས་ཏེ་སློབ་ཡོན་རོགས་དངུལ་འགྲེམས་གཏོང་བྱེད་ཀྱི་ཡོད།

རྒྱལ་སྤྱིའི་སློབ་ཡོན་བྱ་དགའ།

ལོ་རེའི་སྤྱི་ཟླ་༡ནས་༣བར་ལ་དཔྱད་འདེམས་ཐེངས་རེ་བྱེད་ཀྱི་ཡོད་ལ། དཔྱད་འདེམས་མཇུག་འབྲས་ལ་རྙོག་གྲ་མེད་ཚེ་སྤྱི་ཟླ་༣པའི་ཟླ་མཇུག་ཏུ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་དང་། སྟོན་དུས་སློབ་གྲྭ་འགོ་མ་ཚུགས་གོང་དང་འགོ་བཙུགས་རྗེས་སློབ་ཡོན་རོགས་དངུལ་འགྲེམས་གཏོང་བྱེད་ཀྱི་ཡོད།