You are here

ཆོ་ངེ་ཤོར་བའི་འདྲེ་སྒྲུང་ལེགས་ཤོས།

ང་ཚོས་འདྲེ་སྒྲུང་འགྲན་བསྡུར་གྱི་གསལ་བསྒྲགས་སྤེལ་རྗེས། རྒྱལ་སྤྱི་ཁྱོན་ནས་སྒྲུང་མང་པོ་འབྱོར་བའི་ནང་ནས་སྒྲུང་སྤུས་ལེགས་ཅན་ལྔ་བདམས་པ་དང་། སྤྱི་ཟླ་བཅུ་པའི་ཚེས་༢༤དང་རེས་གཟའ་ཕུར་བུའི་དགོང་དྲོ་ང་ཚོས་ཚོགས་ཁང་ནང་ལ་དངོས་ཞུགས་དང་དྲ་རྒྱ་བརྒྱུད་ནས་ཞུགས་མཁན་རྣམ་པའི་འོས་ཤོག་བསྡུས་པ་ཡིན། ད་ལྟ་འདིར་རྣམ་པ་ལྷན་རྒྱས་ལ་འོས་ཤོག་གི་མཇུག་འབྲས་སྤྱན་བསྟར་ཞུ་རྒྱུ་ཡིན།

བྱ་དགའ་ཨང་དང་པོ་ཐོབ་པའི་འདྲེ་སྒྲུང་།


གསོན་འདྲེ་རྒན་མོ།
སྒྲུང་སྐུར་མཁན་ཁེ་ན་ཊའི་གྲོང་ཁྱེར་ཝན་ཁུ་ཝར་བཅའ་བཞུགས་གནང་བའི་ཆུ་སྐྱེས་སྒྲོལ་མ།

 

གནའ་སྔ་མོར། སེ་ར་དགོན་པར་དགེ་རྒན་ཞིག་དང་དགེ་ཕྲུག་ཅིག་ཡོད། ཉིན་ཞིག་དགེ་རྒན་དེས་དགེ་ཕྲུག་དེ་ལྷ་ས་ཁྲོམ་གཟིགས་ཁང་ལ་ཤ་ཉོ་བར་མངགས། དེ་ཡང་དགེ་ཕྲུག་དེ་འགྲོ་ཁར་རྒན་ལགས་ནས། “ཁྱོད་ཁྲོམ་ལ་ཕྱིན་ནས་ཤ་རྒྱ་མ་འགའ་ཉོས་ཤོག འོན་ཀྱང་། ཤ་འཚོང་མཁན་དེས་གང་སྤྲད་པ་དེ་འཁྱེར་ནས་ཡོང་དགོས་པ་ལས་དེ་མིན་རྙོག་དྲ་མ་བཤད་ཨང་།” ཞེས་མངགས་ཆ་བྱས།

དེ་ལྟར་དགེ་ཕྲུག་དེ་སྔ་དྲོ་ཉི་མ་ཤར་ཙམ་ནས་ཤ་ཉོ་རུ་ཐོན། གོམ་པ་བརྒྱབ་ནས་མགྱོགས་པོར་བསྐྱོད་པས་དཔྲལ་བ་ནས་རྔུལ་ཆུའི་ཐིགས་པ་དང་བཅས་ལྷ་ས་ཁྲོམ་གཟིག་ཁང་ལ་སླེབས། ཤ་འཚོང་མཁན་ཨ་མ་ལགས་ཤིག་ཡོད་པ་དེའི་འཁྲིས་སུ་སོང་ནས་རྒན་ལགས་ཀྱིས་གསུངས་པ་ལྟར་ཤ་ཉོས། འོན་ཀྱང་། ཤ་འཚོང་མཁན་དེས་ཤ་རྒྱ་ཚད་ལོན་པ་མ་སྤྲད་སྟབས། དགེ་ཕྲུག་དེས། མགྲིན་པ་བསང་ཙམ་དང་གློ་བསང་བརྒྱབ་ཙམ་བྱས་ཏེ་མི་འདོད་པའི་རྣམ་འགྱུར་ཞིག་དང་ལྷན། “ཚོང་དཔོན་ཨ་མ་ལགས། ཤ་ཏོག་ཙམ་ཉུང་དྲགས་འདུག་པས” ་ཞེས་ལྕེ་སྣར་ཙམ་དང་མགོ་ལ་ལག་པས་ཕུར་ཙམ་བྱས་ནས་བཤད། ཚོང་དཔོན་རྒན་མོ་དེས་འདོད་ལ་མ་འདོད་ཀྱིས་ཤ་ཏོག་ཙམ་སྣོན་པ་བརྒྱབ་ནས་སྤྲད། དགེ་ཕྲུག་དེར་དེས་ཀྱང་ཉུང་དྲགས་པའི་ཚོར་སྣང་བྱུང་སྟེ། “ཚོང་དཔོན་ཨ་མ་ལགས། ཤ་ཏོག་ཙམ་ཉུང་དྲགས་འདུག་པས” ་ཞེས་སྔར་བཞིན་བཤད་པས། ཚོང་དཔོན་ཨ་མ་དེས་ཀྱང་སྔར་བཞིན་ཤ་ཏོག་ཙམ་སྣོན་པར་སྤྲད། དེས་ཀྱང་ད་དུང་དགེ་ཕྲུག་དེའི་ཡིད་མ་རངས་པས། “ཚོང་དཔོན་ཨ་མ་ལགས། ཤ་ཏོག་ཙམ་ཉུང་དྲགས་འདུག་པས” ་ཞེས་ད་དུང་ཤ་ཉུང་དྲགས་ཡོད་པའི་སྐོར་བཤད།

ཐེངས་རྗེས་མ་དེར་ཚོང་དཔོན་རྒན་མོ་དེ་རླུང་ལངས་ཤིང་། དེར་ཁོ་མོས་ཤ་རྡོག་ལག་པ་ཙམ་ཞིག་འཁྱེར་ཡོང་ནས། “ཡ། ད་ཁྱེད་རང་ལ་དགོས་ན་འདི་འཁྱེར།” ཞེས་ཁོང་ཁྲོའི་རྣམ་འགྱུར་དང་བཅས་ཁོ་ལ་ཤ་རྡོག་དེ་སྤྲད། དགེ་ཕྲུག་དེས་ནི། “ད་ཡིན་ན་རྒན་ལགས་ཐུགས་མཉེས་པོ་ཡོང་གི་རེད” ་བསམ་ནས་དགའ་ཐག་ཆོད་པོའི་ངང་དགོན་པར་ལོག དགོན་པར་ལོག་སླེབས་མ་ཐག ཁོས་རྒན་ལགས་ལ། “དེ་རིང་ཡིན་ན་ཤ་ཡག་པོ་ཞིག་ཉོས་ཡོད་པས། རྒན་ལགས་ཀྱི་ཐུགས་འདོད་ལྟར་ཞལ་ལག་མཉེས་པོ་ཞིག་བཟོ་ཆོག་པ་ཡོད” ཟེར་ནས་རང་ཉིད་ཀྱིས་འཇོན་ཡོད་རབས་ལུང་པ་གང་བཤད།

རྒན་ལགས་དེས། “ཨོ། དེ་ཡིན་ན་འགྲིག་འདུག འོན་ཀྱང་། ཁྱེད་རང་གིས་ངས་བཤད་པ་ལྟར་བྱས་པ་ཡིན་པས།” ཞེས་བཀའ་འདྲི་གནང་དུས། དགེ་ཕྲུག་དེས། “ལགས། དེ་ལྟར་བྱས་པ་ཡིན་རུང་། ཚོང་དཔོན་ཨ་མ་ལགས་དེས་ཤ་རྒྱ་ཚད་ལོན་པ་མ་སྤྲད་ཙང་། ངས་ཨུ་ཚུགས་ཀྱིས་སྣོན་པ་ཏོག་ཙམ་རྒྱག་དགོས་ཚུལ་བཤད་པས་ཤ་མང་པོ་འདི་འདྲ་རག་བྱུང་།” ཞེས་རང་ཉིད་ཀྱིས་འཇོན་ཡོད་ཚུལ་མང་དག་ཅིག་ཡང་བཤད་བསྐྱར་བཤད་བྱས།

སྐབས་དེར་རྒན་ལགས་དེའི་ངོ་གདོང་ལ་སྐྱོ་ཉམས་ཤིག་དང་ལྷན། “ཨ་ཁ་ཁ། ཁྱེད་རང་གིས་ངས་བཤད་པ་ལྟར་མ་བྱས་པས་དཔེ་བསགས་པ་རེད། ཁྱེད་རང་གི་ལག་པ་ང་ལ་མིག་སྟོན་དང་།” ཞེས་གསུངས། སྐབས་དེར་དགེ་ཕྲུག་གིས་ཀྱང་ཡ་མཚན་དང་བཅས་ལག་པ་ཚུར་བརྐྱངས། རྒན་ལགས་ཀྱིས་ཁོའི་ལག་པར་ཞིབ་བལྟ་ཞིག་བྱས་པར། ལག་ངར་སྟེང་སྔར་མེད་ཀྱི་ཤ་རྟགས་ཤིག་ཡོད་པ་མཐོང་བས། “ཨོ་ད་ཡིན་ན། དཔེ་བསགས་འདུག ངས་ཁྱེད་རང་ལ་ཚོང་དཔོན་ནས་གང་སྤྲད་པ་དེ་འཁྱེར་ནས་ལོག་ཤོག་ལབ་མ་བྱུང་ངམ། ད་ཡིན་ན་ཆག་སྒོ་ལུང་པ་གང་བསླངས་འདུག ད་གང་དྲགས་” ཟེར་ནས་སྐྱོ་ཉམས་དང་བཅས་དབུགས་ཧལ་བཞིན་གསུངས་པས། དགེ་ཕྲུག་དེ་ཡ་མཚན་ཆེན་པོ་སྐྱེས་ནས་རྒན་ལགས་ལ་དེ་ལྟར་གནང་དོན་གྱི་རྒྱུ་མཚན་སྐོར་བཀའ་འདྲི་ཞུས།

རྒན་ལགས་དེས། ”འདི་ནི་གསོན་འདྲེས་ཁྱེད་རང་ནུབ་མོ་ཤ་སྐལ་དུ་བརྫངས་རྒྱུར་གཏན་འཁེལ་བྱས་པའི་ཤ་རྟགས་ཡིན་པས། ད་ནི་འཆི་རྒྱུ་ལས་ལྷག་མེད།” ་ཅེས་འགྲེལ་བཤད་བརྒྱབ། རྒན་ལགས་ཀྱི་རྣམ་འགྱུར་དང་སྐད་ཆ་ཤོད་སྟངས་དེར། དགེ་ཕྲུག་དེ་ནི་ཞེད་ཐག་ཆོད་ནས་དབུགས་ཀྱི་རྒྱུ་བ་ཡང་ཆད་གྲབས་བྱས། དེ་ནས་ཏོག་ཙམ་རྗེས་ཁོས་རྒན་ལགས་ལ། “རྒན་ལགས་ཀྱིས་ཉེན་ཁ་དེ་ལས་སྐྱོབས་རོགས་གནང་། དེ་མིན་དེ་ལས་སྐྱོབ་ཐུབ་པའི་ཐབས་ལམ་འདྲ་ཡོད་ནའང་སྟོན་རོགས་གནང་། ཐུགས་རྗེས་གཟིགས།” ཞེས་ཞུ་བ་ཡང་ཡང་ཕུལ། རྒན་ལགས་ནས། “ངས་ཁྱེད་རང་སྐྱོབ་མི་ཐུབ། ཡིན་ན་ཡང་། ཁྱེད་ཀྱིས་ངས་བཤད་པ་ལྟར་བྱེད་ཐུབ་པ་ཡིན་ན། སྲོག་མགོ་ཐོན་ཙམ་ཡོང་སྲིད་པས་དེ་ལྟར་བྱེད་ཨེ་ཐུབ།”ཅེས་བཀའ་འདྲི་གནང་།

དགེ་ཕྲུག་དེས། “རྒན་ལགས་ཀྱི་བཀའ་གསུང་ཅི་སྒྲུབ་ཞུ་ཐུབ་པ་ཞུ་གི་ཡིན” ཞེས་ཁས་ལེན་བྱས། དེ་ནས་རྒན་ལགས་ཀྱིས། “ཁྱེད་རང་འདི་ནས་མར་ལྷ་སར་ཕྱིན་ནས་ར་མོ་ཆེའི་འཁྲིས་ཀྱི་སྤྲང་གུར་ཞིག་གི་ནང་སྤྲང་མོ་ལོ་ན་བརྒྱད་ཅུར་སོན་པ་ཞིག་ཡོད། དེར་ཁྱེད་རང་གིས་ཞུ་བ་ནན་པོ་བྱེད་པ་དང་། མར་སྤག་སྤྲོད་པ་སོགས་བྱས་ནས། མཚན་གཅིག་རིང་གནས་ཚང་གཡར་རོགས་ཞེས་ལབ་དགོས། གལ་སྲིད་རྒན་མོ་དེས་ཁྱེད་རང་ལ་མཚན་གཅིག་རིང་གནས་ཚང་གཡར་བ་ཡིན་ན། ཁྱེད་རང་གི་སྲོག་མགོ་ཐོན་པ་ཡོང་ཐུབ། དེ་མིན་ཁྱེད་རང་གཙུག་ལག་ཁང་གི་ཇོ་བོའི་སྐུ་པང་ནང་ལ་ཡིབ་ནས་བསྡད་ཀྱང་སྲོག་སྐྱོབ་པའི་ཐབས་གཞན་ཅི་ཡང་མེད། དེར་བརྟེན། ཁྱེད་རང་གིས་ངས་བཤད་པ་ལྟར་བྱེད་དགོས་པ་ལས། ད་ཐེངས་འཚབ་བེ་འཚུབ་བེ་བྱེད་མི་རུང་། ད་རེས་ཚ་གེ་ཚི་གེ་བྱས་པ་ཡིན་ན། དེ་ནི་སྲོག་ཤོར་རྒྱུའི་ལས་ཀ་རང་ཆགས་ཀྱི་རེད།” ཅེས་གསུངས།

དགེ་ཕྲུག་དེ་རྒན་ལགས་ནས་ལམ་སྟོན་གནང་བ་བཞིན་ཉིན་གུང་ཡོལ་ཙམ་ལ་སེ་ར་ནས་ལྷ་སར་ཐོན། ལྷ་སར་འབྱོར་བ་དང་ཡར་རྒྱུགས་མར་རྒྱུགས་བྱས་བྱས་མཐར་རྒན་ལགས་ཀྱིས་གསུངས་པའི་སྤྲང་གུར་དེ་དང་དེའི་ནང་སྡོད་པའི་རྒན་མོ་དེ་རྙེད་ཙམ་བྱུང་། དེར་ཁོས་སྐྱོ་མདོག་ཁ་པོས། “ཨ་མ་ལགས། དོ་ནུབ་འཕྱི་པོ་ཆགས་འདུག ས་འདིར་ང་ལ་ངོ་ཤེས་པ་ཡིན་ཟེར་འགྲོ་ས་ཅི་ཡང་མེད། ས་ཆ་མེད་དང་མི་རྒྱུས་མེད་ཡིན། ཐུགས་རྗེས་གཟིགས། ང་ལ་དོ་ནུབ་གནས་ཚང་ཞིག་གཡར་རོགས།” ཞེས་ཞུ་བ་ནན་པོ་བྱས་ཀྱང་། དང་ཐོག་རྒན་མོ་དེས་ཁས་ལེན་རྩ་བ་ནས་མ་བྱས།

ཡིན་ནའང་། དགེ་ཕྲུག་དེས་རྩམ་པའི་ནང་ཕྱུ་ར་དང་མང་བླུགས་ནས་མག་སྤག་གིས་བསྙེན་བཀུར་གང་ལེགས་ཞུས་ཏེ་ཞུ་བ་བྱས་པར། རྒན་མོ་དེ་ཧངས་སང་ནས་རྒྱུ་རྐྱེན་ཅི་ཡིན་སྐོར་དྲིས། དེར་དགེ་ཕྲུག་དེས། རང་ཉིད་ལ་ཆག་སྒོ་བྱུང་སྟངས་སྐོར་སྦ་གསང་མེད་པར་བཤད། “ད་རེས་ངའི་སྲོག་འདི་ཁྱེད་རང་གིས་སྐྱོབ་རོགས་གནང་” ཞེས་ཞུ་བ་ཡང་ཡང་བྱས། དང་ཐོག་རྒན་མོ་དེས་ཁ་ཡ་མ་བྱས་པར་བཞག་ནའང། ཁོའི་ཨུ་ཚུགས་ཚ་བའི་རང་བཞིན་དང་། སྐྱོ་ཉམས་ཆེ་བའི་ངོ་གདོང་། ད་དུང་ཡང་དང་བསྐྱར་དུ་ཞུ་བ་བྱེད་སྟངས་དེར་སྙིང་རྗེ་སྐྱེས་ནས། རྒན་མོས་ཀྱང་ཁོའི་ཞུ་བ་ཟློག་མ་ཐུབ་པར་མཚན་གཅིག་གི་རིང་ལ་གནས་ཚང་གཡར་རྒྱུ་བྱས། དེ་ལྟར་གནས་ཚང་གཡར་རྒྱུ་དང་སྲོག་མགོ་ཐོན་པ་བྱེད་ཆེད། རྒན་མོ་དེས་ཆང་ཁོག་ཞིག་གི་ནང་བཅུག་ནས་རྫ་མ་དེར་ཨི་ཁུང་གཉིས་འཕིབས་པ་དང། ཆང་གི་རྫ་མ་དེའི་སྐེ་ལ་འུར་རྡོ་འཆི་མེད་དགུ་སྒྲིལ་ཞིག་གིས་མདུད་པ་རིམ་པ་དགུ་བརྒྱབ་ནས་བཞག

ཉིན་དེའི་དགོང་མོ་ས་སྲོད་མཚམས་སུ། རྒན་མོ་དེ་ཆང་རྫ་དེར་ཞོན་ནས་ཧྲག་སྒྲ་དང་བཅས་འཕུར་མ་འགྲོས་ཀྱིས་གསོན་འདྲེ་འཚོགས་སའི་སྡོང་རྒན་ཞིག་ཡོད་པ་དེའི་ཕྱོགས་སུ་ཆས། དགེ་ཕྲུག་དེས་ཆང་རྫའི་ཨི་ཁུང་ནས་ཕྱི་ལ་བལྟ་ཙམ་རེ་བྱས་ནས་འཇིགས་སྐྲག་ངང་སྡུག་རུས་བྱས་ནས་བསྡད། ལམ་ཁ་དག་ནས་གསོན་འདྲེ་འགའ་རེ་རྟ་ལ་ཞོན་པ་དང་། རེ་འགའ་ཞིག་དྲེལ་ལ་ཞོན་པ། ཡང་ཕྱགས་མ་ལ་ཞོན་པ། མེ་དཀྲུག་ལ་ཞོན་པ། བོང་བུ་ལ་ཞོན་པ། བྱ་དང་ཕག་པ་ལ་ཞོན་པ་སོགས་བཞོན་པ་འདྲ་མིན་ལ་ཞོན་པའི་གདོན་འདྲེ་མང་པོ་དང་། ཡང་ཁ་ན་མེ་འབར་བ། མིག་ཡ་གཅིག་ཡོད་ན་ཡ་གཅིག་མེད་པ། རྐང་པ་གཡས་པ་ཡོད་ན་ལག་པ་གཡོན་པ་མེད་པ། གདོང་དང་ལུས་པོའི་ཕྱེད་ཀར་ཤ་པགས་ཡོད་པ་དང་ཕྱེད་ཀར་མེད་པ། ཡང་རྒྱབ་སྟོང་དེ་འདྲ་དང་རྒྱུ་མ་ནར་ནར་ལ་འཛར་ཡོན་མཁན་དེ་འདྲ་སོགས་འཇིགས་སུ་རུང་བ་མང་པོ་ཞིག་གཅིག་འཕྲོར་གཅིག་བྱས་ཏེ་ཡར་མར་རྒྱུག་བཞིན་པ་མཐོང་བས་སྐྲག་སྣང་ཆེན་པོ་སྐྱེས། ཡིན་ནའང་། ད་ནི་རྒན་མོ་དེས་མངགས་ཆ་བྱས་ཡོད་པ་ལྟར་སྡོད་པ་ལས་ཐབས་གཞན་མེད་པར་བསམ་སྟེ་ཆང་རྫའི་ནང་སྡུག་རུས་བྱས་ནས་བསྡད།

ཡུད་ཙམ་ནས་རྒན་མོ་ཆང་རྫར་ཞོན་པ་མོ་རང་ཧྲག་སྒྲ་དང་བཅས་ཐལ་འཚུབ་ཅིག་གི་ཁྲོད་ནས་རྒྱུགས་ཏེ་སྡོང་རྒན་ཞིག་ཡོད་དེར་ཁ་གཏད་ནས་རྒྱུགས་པ་ན། གདོན་འདྲེ་གཞན་ཚོས་གུས་གུས་ཞུམ་ཞུམ་གྱིས་སྣེ་ལེན་བྱས། དེ་ནས་གྲལ་མགོ་ལ་བསྡད་ནས་སྐད་གསང་མཐོན་པོས། “ཡ་ཡ་ཡ། དོ་ནུབ་ཤ་སྐལ་གཏོང་རེས་སུ་ཡིན་པ། ད་ཤ་སྐལ་མར་འཁྱེར་ཤོག་” ཅེས་བཤད།

སྐབས་དེར། རྒན་མོ་གཞན་ཞིག་གིས། “མགོ་དཔོན་ལགས། དོ་ནུབ་ཤ་སྐལ་གཏང་རེས་ང་རང་ཡིན། ལྷན་རྒྱས་ཚོ་ཏོག་ཙམ་རང་སྒུག་རོགས། དོ་ནུབ་ཀྱི་ངའི་ཤ་སྐལ་དེ་གཞན་དང་མི་འདྲ་བ་ཞིག་གོ་སྒྲིག་ཞུས་ཡོད་པས། ངས་ད་ལྟ་རང་ལེན་པར་བསྐྱོད་ཆོག” ་ཟེར་ནས་ཕྱགས་མ་ཞིག་ལ་ཞོན་ཏེ་ནམ་མཁར་བྱ་འཕུར་བ་ལྟར་ཐལ་འཚུབ་ལིང་ངེར་འཕུར་ནས་སྐབས་ཤིག་རིང་ག་སོང་ཆ་མེད་དུ་ཡལ།

དུས་ཡུན་གང་ཙམ་སོང་ཡང་ཁོ་མོས་ཤ་སྐལ་འཁྱེར་ཡོང་མཁན་མེད་པས། གདོན་འདྲེ་གཞན་ཚོས་ལྟོགས་སྐད་དང་སྡུག་སྐད་རྒྱག་མགོ་ཚུགས། སྐབས་དེར་ཆང་རྫའི་ནང་ཡིབ་ནས་བསྡད་ཡོད་པའི་བཙུན་ཆུང་དེས། “ཤ་སྐལ་འཁྱེར་ཡོང་ན་པགས་པ་གསོན་བཤུ་བརྒྱབ་ནས་བཟའ་རྒྱུ་ཡིན།” “ཁྲག་ཚ་བོ་འཇིབ་ཀྱི་ཡིན།” “མིག་རིལ་གཉིས་བཏོན་ནས་བཟའ་རྒྱུ་ཡིན།” ཟེར་བ་སོགས་འཇིགས་སུ་རུང་བའི་ལྟོགས་སྐད་ཅི་བརྒྱབ་ཚང་མ་གོ་ཡི་ཡོད་པས། ཁོ་ནི་ཞེད་ཐག་ཆོད་ནས་གཅིན་པའང་ཤོར་ལ་ཁད་བྱས་རུང་། “དོ་ནུབ་སྡུག་རུས་བྱེད་མ་ཐུབ་ན། རང་སྲོག་ཤོར་རྒྱུ་ལས་མེད་”སྙམ་ནས་ཡ་སོས་མ་མཆུ་མནན་ནས་ཨུགས་ཚུགས་དང་སྡུག་རུས་བྱས་ཏེ་བསྡད།

དུས་ཡུན་གང་ཙམ་སོང་རྗེས། ཤ་སྐལ་གཏོང་མཁན་རྒན་མོ་དེ་ཕྱིར་སླེབས། ལྕེ་སྣར་ཙམ་བྱེད་བཞིན། “མགོ་དཔོན་ལགས། ངས་ཤ་རྟགས་བརྒྱབ་པའི་ཤ་སྐལ་དེ་ལྷ་ས་རུ་བཞིར་བཙལ་ཀྱང་གར་སོང་ཆ་མེད་དུ་གྱུར་འདུག ཐ་ན་ཇོ་བོ་རིན་པོ་ཆེའི་སྐུ་པང་དུའང་བཙལ་བ་ཡིན་ཏེ། གང་དུའང་བསྡད་མི་འདུག ད་ནི་ཁྱེད་རང་གི་ཆང་རྫའི་ནང་ལ་བཙལ་རྒྱུ་ལས་གཞན་པའི་བཙལ་ས་ལྷག་མེད། ཆང་རྫའི་ནང་བསྔོག་ཆོག་པ་ཞིག་བྱེད་རོགས།” ཞེས་བཤད། མགོ་དཔོན་རྒན་མོ་དེས། “དེ་འགྲིག་དང་འགྲིག” ཅེས་བཤད། ཤ་སྐལ་གཏོང་རེས་ཡིན་པའི་རྒན་མོ་དེས། “དེ་ལྟར་ལགས་ན་ཐུགས་རྗེ་ཆེ། ངས་ཀི་སྒྲ་རིམ་པ་དགུ་བརྒྱབ་རྗེས་ཤ་སྐལ་མ་སླེབས་ན་ཤ་སྐལ་གཞན་ཞིག་ཐབས་ཤེས་བྱེད་ཀྱི་ཡིན” ཞེས་བཤད། དེར་མགོ་དཔོན་རྒན་མོས། “ཁྱེད་ཀྱིས་ཀི་སྒྲ་རིམ་པ་བརྒྱད་ལས་དགུ་ནི་བརྒྱབ་མི་ཆོག” ཅེས་བཤད་པར། ཀི་སྒྲ་ལན་བརྒྱད་ལས་མི་རྒྱག་པའི་ཁས་ལེན་བྱས།

དེ་ནས་ཤ་སྐལ་འཚོལ་མཁན་རྒན་མོ་གཞན་དེས་ཀི་སྒྲ་རེ་རེ་བརྒྱབ་པ་ན། རྫ་མའི་སྐེ་ཡི་མདུད་པ་རེ་ཚག་སྒྲ་དང་བཅས་མདུད་པ་བརྒྱད་པོ་རེ་རེ་བཞིན་གྲོལ། ཀི་སྒྲ་རེ་རེས་ཆང་རྫ་ཡོམ་ཡོམ་དུ་འདར་བ་དང་། སྐབས་རེར་ཆང་རྫ་ཁོ་རང་གད་ལ་ཁད་པ་ཞིག་བྱས་སྟབས། ཆང་རྫའི་ནང་གི་བཙུན་ཆུང་དེ་ནི། ཞེད་ཐག་ཆོད་ནས། “ད་ནི་ཅི་ཞིག་བྱེད་པ་དགའ་འམ” ་ཞེས་བསམ་བློ་སྣ་ཚོགས་ཤིག་བཏང་ནའང་། རང་ཉིད་ཆང་རྫའི་ནང་ཡོད་པ་ཁོང་ཚོས་ཧ་གོ་བ་ཡིན་ན། སྲོག་འཆོར་རྒྱུ་ཉག་གཅིག་ཡིན་པར་བསམ་སྟེ། སྡུག་རུས་བྱས་ནས་བསྡད། ཀི་སྒྲ་ལན་བརྒྱད་དེ་བརྒྱབ་ནའང་། ད་དུང་ཤ་སྐལ་མ་སླེབས་པས་ཤ་སྐལ་གཏོང་རེས་རྒན་མོ་དེ་ནི་དངངས་འཚབ་ཇེ་ཆེར་སོང་།

ཅི་བྱ་བརྟོལ་མེད་ཀྱི་སྐབས་དེར། རྒན་མོ་དེས་མགོ་དཔོན་ལ། “ད་ཏོག་ཙམ་རིང་སྒུག་རོགས་གནང་། ངས་ཤ་སྐལ་ད་ལྟ་རང་འཁྱེར་ཡོང་།” ཟེར་ནས་ཕྱགས་མ་ཞིག་ལ་ཞོན་ཏེ་ཕྱིན། གང་ཙམ་རྗེས་མི་རྒྱགས་པ་ཆེན་པོ་ཞིག་རྡིག་སྒྲ་དང་བཅས་ཁོང་ཚོའི་མདུན་དེར་གཡུག་བྱུང་བས། ཤ་ལ་དགའ་བ་ཚོས་ཤ་དང་། རུས་ལ་དགའ་བ་ཚོས་རུས་པ། ཁྲག་ལ་དགའ་བ་ཚོས་ཁྲག རྐང་ལ་དགའ་བ་ཚོས་རྐང་སོགས་རང་རང་གི་འདོད་པ་ལྟར་ལོངས་སུ་སྤྱད་པ་དང་། གློ་སྙིང་སོགས་ལུས་ཀྱི་ཆ་ཤས་གལ་ཆེན་དང་ཞིམ་པ་རྣམས་མགོ་གཙོ་རྒན་མོ་ཆང་རྫ་ཞོན་མཁན་དེས་རང་གི་ཐོབ་ཐང་ཡིན་པ་ལྟར་ལོངས་སུ་སྤྱད། ཤ་ཁྲག་ལ་རྔམ་པའི་གསོན་འདྲེ་དང་ཤི་འདྲེ་དེ་ཚོ་ནི། ཁ་དང་ལག་པ་ཁྲག་གིས་འཚོས་ཤིང་། ཁ་དང་གྲོད་པ་ནས་མེ་འབར་བ། གཅིག་གིས་གཅིག་གི་ཟ་འཕྲོ་འཕྲོག་རེས་ཀྱིས་འཛིང་བ་ན། གཅིག་གིས་གཅིག་ལ་སོ་འདེབས་པར་བྱེད་པ་སོགས་འཇིགས་སུ་རུང་བའི་སྣང་ཚུལ་དེར། དགེ་ཕྲུག་དེ་ཧ་ཅང་འཇིགས་སྐྲག་བྱུང་ནའང་། སྡུག་རུས་བྱས་ནས་བསྡད། གང་འཚམ་གྱི་རྗེས་ལ། ཚང་མ་རང་རང་སར་ལོག་པ་དང་། བཙུན་ཆུང་དེ་ཡང་གསོན་འདྲེ་མོའི་ཆང་རྫ་ཆག་ལ་ཁད་པ་དེའི་ནང་ནས་སྲོག་མགོ་ཐོན་ཙམ་བྱུང་།

དེ་ལྟར་བཙུན་ཆུང་དེ་སྲོག་མགོ་ཐོན་ཙམ་བྱུང་སྟབས། ཁོས་གསོན་འདྲེ་རྒན་མོ་དེར་ཐུགས་རྗེ་ཆེ་ཞུས་ནས། གསོན་འདྲེ་དང་ཤི་འདྲེ་ཚོའི་གནས་སྟངས་སྐོར་སྐད་ཆ་དྲིས་པ་ན། གསོན་འདྲེ་རྒན་མོ་དེས། “ངའི་རོགས་པ་ཚང་མ་ཤི་འདྲེ་རེད། ང་ནི་ཁོང་ཚོའི་མཉམ་དུ་འདི་ལྟར་ལོ་མང་པོ་བསྡད་པ་ཡིན། ད་ནི་སྙིང་རྗེ་ཟེར་བ་དེ་ཡང་མཚམས་ལན་རེར་མ་གཏོགས་སྐྱེས་ཀྱི་མི་འདུག ད་རེས་སྙིང་རྗེ་ཞིག་སྐྱེས་ནས་ཁྱེད་རང་བསྐྱབས་པ་རེད། མ་གཞི་བྱས་ན། ཁྱེད་རང་གསོན་པོར་ཟོས་བཞག་པ་ཡིན་ན། དེ་ཞིམ་མདོག་ཁ་པོ་ཡོད་པ་རེད་དེ། ད་རེས་ཁྱེད་རང་ཚེ་ཐར་ལ་བཏང་བ་ཡིན། རྗེས་མ་ནས་ང་ལ་ཞུ་བ་འཐེན་པར་མ་ཡོང་། ཡོང་བ་ཡིན་ན། ཟ་ཐག་ཆོད་ཟ་གི་ཡིན་ད” ཞེས་དང་། “ངའི་རོགས་པ་ཚོ་ནི་ས་ཆ་ག་ས་ག་ནས་རེད། མདང་དགོང་ཁྱེད་རང་གིས་གོ་ཡོད་པ་རེད། མཐོང་ཡོད་པ་རེད། སྐད་རིགས་འདྲ་མིན་སྣ་ཚོགས་བརྒྱབ་སོང་ང་། ཆུ་ལུགས་རྣམ་པ་སྣ་ཚོགས་རེད་འདུག་ག སྙིང་རྗེ་ཟེར་བ་ཕལ་ཆེར་ངོ་ཤེས་ཀྱི་མ་རེད། རྗེས་མར་ཁྱེད་རང་སྐྱོབ་དགོས་བྱུང་ན། ང་ལ་སྐྱོབ་ཐབས་གང་ཡང་ཡོད་པ་མ་རེད། ད་ནི་ངའི་ཆང་རྫ་ལ་ལྟོས་དང་། ཆག་ལ་ཁད་ཅིག་ལས་ལྷག་ཡོད་པ་མ་རེད།”ཅེས་བཤད་པར། བཙུན་ཆུང་ནི་དེ་བས་སྐྲག་ཅིང་འདར། གང་ལྟར་ཕྱི་ཉིན་ཉི་མ་ཤར་མཚམས་ཕྱིར་སེ་ར་དགོན་པར་ལོག་ཐུབ་པ་བྱུང་། རྒན་ལགས་ནི་རང་གི་དགེ་ཕྲུག་བདེ་ཐང་ངང་ལོག་སླེབས་པར་དགའ་ཚོར་ཆེན་པོ་སྐྱེས།

དེ་ནས་ཁོས་མདང་ནུབ་ཆང་རྫའི་ནང་ཡིབ་སྐོར་དང་། དེའི་ཨི་ཁུང་ནང་ནས་འཇིགས་སུ་རུང་བའི་རྣམ་པ་གང་མཐོང་བ་རྣམས་ཏེ། ཚང་མའི་ནང་གི་དབང་ཆ་ཆེ་ཤོས་དེ་ཁོ་རང་གི་སྲོག་སྐྱོབ་མཁན་གསོན་འདྲེ་ཨ་མ་རྒན་མོ་དེ་ཡིན་སྐོར་དང་། གདོན་འདྲེ་གཞན་དག་ནི། “ཁ་རེ་གདངས་ན་ཁ་ནང་ནས་མེ་འབར་ཡོང་མཁན། མིག་རེ་རྡེབ་ན་མེ་སྟག་གི་ཚ་ཚ་འཕྲོ་འོང་མཁན།” ”འགྲམ་པ་གཡས་པར་ཤ་ཡོད་པ་དང་གཡོན་པར་རུས་ཀོག་ལས་མེད་པ། གད་མོ་འདྲ་བགད་པ་ཡིན་ན། རྩིབས་མའི་ཁ་ཕྱེས་ནས་ནང་གི་དོན་ལྔ་སྣོད་དྲུག་ཁྲ་ལེམ་མེར་མཐོང་བ” ”ལག་པའི་སེན་མོ་རིང་ལ་མཁྲེགས་པ་ཐང་ལ་སྤར་འབྲད་རེ་བྱས་ན་དུ་བ་འཕྱུར་འོང་མཁན་ཞིག་འདུག” སོགས་འཇིགས་སུ་རུང་བའི་རྣམ་པ་དེ་ཚོ་ཆད་ལུས་མེད་པར་རྒན་ལགས་སུ་བཤད། རྒན་ལགས་ནི་ཞེད་ཀྱང་ཞེད། བཤད་པ་དག་བདེན་ཡང་བདེན་བསམ་བཞིན། ཁ་ནས་”སྙིང་རྗེ་ཡག་རང་རེད།” ཅེས་ཡང་ཡང་བརྗོད་ཀྱིན་བསྡད།

མཚམས་ཤིག་ལ། རྒན་ལགས་ཀྱིས་དགེ་ཕྲུག་དེར། ད་ལྟ་ལྷ་ས་ཁྲོམ་གཟིགས་ཁང་ལ་སོང་ནས། ཤ་འཚོང་མཁན་ཨ་མ་ལགས་དེར་གནས་ཚུལ་ག་རེ་བྱུང་ཡོད་མེད་ལྟོས་ཤོག་ཅེས་མངགས་ཆ་བྱས། དགེ་ཕྲུག་དེ་སེ་ར་ནས་ཐོན་ཏེ་འདུ་ལོང་ཆེ་བའི་ཁྲོམ་གཟིགས་ཁང་ལ་སླེབས། ཤ་འཚོང་མཁན་གྱི་ཨ་མ་རྒན་མོ་དེས། “ངའི་ཁྱོ་ག་མདང་དགོང་མར་ཉལ་དུས་བདེ་མ་ཐང་མ་ཡིན། ད་ནངས་ཡར་ལངས་རྒྱུ་མི་འདུག ག་རེ་བྱས་པ་རེད།” ཅེས་ངུ་ཤར་རྒྱག་བཞིན་ཡོད་པ་མཐོང་བས། ད་གཟོད་མདང་དགོང་གསོན་འདྲེ་དང་ཤི་འདྲེ་ཚོས་ཟོས་སོང་བ་དེ་ནི་རྒན་མོ་ཤ་འཚོང་མའི་ཁྱོ་ག་ཡིན་པ་གཞི་ནས་ཤེས་པ་ནཧངས་སང་ཞིང་། ཁ་བྲག་ཁུང་ཙམ་གདང་ནས་རེ་ཞིག་སྨྲ་བ་མེད་པར་དེ་གར་ལུས་སོ། །