You are here

ལོ་རྒྱུས་སྙིང་བསྡུས། འཇིགས་མེད་རྒྱལ་མཚན།

 

འཇིགས་མེད་རྒྱལ་མཚན་ནི་མཚོ་སྔོན་ཞིང་ཆེན་ར་རྒྱ་དགོན་པའི་གྲྭ་བཙུན་རྒན་པ་ཞིག་དང་སློབ་གསོ་པ་ཞིག་ཡིན་ལ་ཀུན་ཕན་ཐེབས་རྩ་ཚོགས་པའི་རྒྱུན་རིང་གི་མཉམ་འབྲེལ་ལས་རོགས་ཀྱང་ཡིན། ལོ་ངོ་བཅུ་ཕྲག་གཅིག་གི་རིང་ལ་ང་ཚོས་ལྷན་དུ་སློབ་གསོ་དང་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་གཞི་མང་བོ་བསྒྲུབས་ཡོད། སྤྱི་ལོ་༢༠༠༨བར་དུ་ང་ཚོས་ཁོང་གིས་གཉེར་བའི་སློབ་གསོ་དང་དཔལ་འབྱོར་ཡར་རྒྱས་ཀྱི་ལས་གཞིར་རྒྱབ་སྐྱོར་བྱས་ཡོད། སྤྱི་ལོ་༢༠༠༠ལོར། ང་ཚོས་བོད་ཀྱི་འབྲོག་པའི་ནོར་ཕྱུགས་ཀྱི་སྤུས་ལེགས་འོ་མ་ལས་ཡོ་རོབ་གླིང་གི་ལུགས་སྲོལ་གྱི་ཕྱུར་བ་ཐོན་སྐྱེད་བྱ་ཆེད། བོད་ཀྱི་ནོར་ཕྱུར་ལས་གཞི་སྤེལ་བ་ཡིན། ནོར་ཕྱུར་ཕྱིར་འཚོང་གི་ཁེ་སྤོགས་ཀྱིས་འབྲོག་པ་རྣམས་ལ་དཔལ་འབྱོར་ཐོན་ཁུངས་བསྐྲུན་ཡོད་པ་མ་ཟད། ཁེ་སྤོགས་འདིས་འཇིགས་མེད་རྒྱལ་མཚན་སྐུ་ཉིད་ཀྱིས་བཙུགས་པའི་སློབ་གྲྭ་གཉིས་ཏེ། འཇིགས་མེད་རྒྱལ་མཚན་མི་རིགས་ལག་རྩལ་སློབ་གྲྭ་(༡༩༩༤)དང་རྩྭ་ཐང་བུ་མོའི་འཇོན་ཐང་སློབ་གྲྭ་(༢༠༠༥)གཉིས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ༢༠༡༠ལོའི་སྤྱི་ཟླ་༥བའི་ནང་དུ་ཀུན་ཕན་ཐེབས་རྩ་ཚོགས་པ་རུ་ཚོགས་པའི་”ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་གནས་ཤེས་བྱ་དང་ཡུན་གནས་ཡར་རྒྱས”ཞེས་པའི་ཉིན་གཉིས་ཅན་གྱི་ཚོགས་འདུ་གྲོལ་རྗེས་འཇིགས་མེད་རྒྱལ་མཚན་དང་ལྷན་དུ་གླེང་མོལ་ཐུང་ངུ་ཞིག་
བྱས་པ་ཡིན

“སྤྱི་ལོ་༡༩༩༤ལོར། བོད་ཀྱི་རིག་གནས་དང་སློབ་གསོ་གོང་སྤེལ་དུ་གཏོང་ཆེད་བདག་གིས་འཇིགས་མེད་རྒྱལ་མཚན་མི་རིགས་ལག་རྩལ་སློབ་གྲྭ་ཞེས་པ་འདི་བཙུགས་པ་ཡིན།” ཞེས་ཁོང་གིས་རང་ཉིན་གྲྭ་བཙུན་ཞིག་ཡིན་པའི་ཆ་ནས་འཇིག་རྟེན་པའི་སློབ་གྲྭ་ཞིག་གི་སློབ་སྤྱི་གནང་བའི་འགན་འཁྲིའི་སྐོར་འགྲེལ་བཤད་རྒྱག་དོན། “སྤྱིར་ང་རང་གྲྭ་བཙུན་ཞིག་ཡིན་པའི་ཆ་ནས་དགོན་པའི་ནང་གི་འཆད་ཉན་སྟེང་དུ་བློ་རྩེ་གཏོད་དགོས་པ་དང་འབྲེལ་ཡོད་བཅའ་ཡིག་བཅས་ཁྲིམས་ལ་བརྩི་སྲུང་བྱེད་དགོས་པ་རེད། ང་རང་གིས་སྒྲུབ་སྦྱོང་བྱེད་ཐུབ་ན་རབས་རེད། གལ་སྲིད་དེ་མ་ཐུབ་ན། ང་རང་གྲྭ་བཙུན་ཞིག་ཡིན་པའི་ཆ་ནས་གཞན་ཕན་གྱི་བྱ་བ་དང་དུ་ལེན་དགོས་པ་རེད།”

བོད་ཀྱི་སྤྱི་ཚོགས་ལ་འཕྲད་བཞིན་པའི་གནད་དོན་མང་བོ་ཞིག་ཡོད་པ་ལས། འཇིགས་མེད་རྒྱལ་མཚན་གྱིས་སློབ་གསོའི་ཐོག་ཏུ་ཤུགས་སྣོན་རྒྱག་རྒྱུ་ཐག་གིས་བཅད་ཅིང་། དེ་ཡང་ཁོང་གི་ཐུགས་སུ”མི་རིགས་དང་ས་ཁུལ། ཡང་ན་རྒྱལ་ཁབ་གང་ཞིག་ཡིན་ནའང་དེའི་ཡར་རྒྱས་ཀྱི་རྨང་གཞི་ནི་སློབ་གསོ་ལ་བརྟེན་ཡོད་པར”ཡིད་ཆེས་བྱེད་ཀྱི་ཡོད་པས་སོ།། ཁོང་གིས་སློབ་གསོ་ལ་བརྟེན་ནས་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་སུ་གཏོང་བའི་ཆོད་སེམས་ནི་གཙང་མ་ཡིན་ཏེ། དགོན་པའི་ལྕགས་རའི་ནང་དུ་བུད་མེད་ལ་སློབ་སྦྱོང་སྤྲོད་མི་ཐུབ་རྐྱེན། སྤྱི་ལོ་༢༠༠༥ལོར་ཁོང་གིས་སློབ་གྲྭ་གཉིས་པ་སྟེ། “རྩྭ་ཐང་བུ་མོའི་འཇོན་ཐང་སློབ་གྲྭ”ཞེས་པའི་བུ་མོ་ལ་ཆེད་དུ་དམིགས་པའི་སློབ་གྲྭ་ཞིག་བཙུགས། འདི་ཐད་ལ་ཁོང་གིས་གསུང་རྒྱུར། “བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ་ཨ་མའི་སློབ་གསོ་ནི་འགྲོ་བ་མིའི་རིགས་ཡོངས་ཀྱི་རྨང་གཞིའི་སློབ་གསོ་ཡིན།”

འཇིགས་མེད་རྒྱལ་མཚན་གྱི་སློབ་གསོ་སྒོ་འབྱེད་ཐད་ཀྱི་འབད་བརྩོན་དེ་ཁོང་གི་སློབ་མའི་གྲུབ་སྟངས་ལས་ཀྱང་མཐོང་ཐུབ་སྟེ། སྤྱིར་འཇིགས་མེད་རྒྱལ་མཚན་ལག་རྩལ་སློབ་གྲྭ་ནི་དགོན་པའི་སྒྲིག་རྣམ་པ་ཡིན་ནའང་། ཁོང་ཚོས་ནང་དུ་མི་སྐྱ་སློབ་མ་བསྡུ་ཡི་ཡོད་ལ་མི་སྐྱ་སློབ་མས་སློབ་མ་སྤྱིའི་མི་འབོར་གྱི་ཆ་ཤས་ཆེན་པོ་ཟིན་ཡོད། མི་སྐྱ་སློབ་མ་དང་གྲྭ་བཙུན་སློབ་མ་གཉིས་ལ་མཚོན་ན་འཇིགས་མེད་རྒྱལ་མཚན་ལག་རྩལ་སློབ་གྲྭའམ་རྩྭ་ཐང་བུ་མོའི་འཇོན་ཐང་སློབ་གྲྭ་གཉིས་གང་དུ་སློབ་གསོ་ཐོབ་ཀྱང་དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་གཅིག་པུ་མ་ཡིན་པར། འཇིགས་མེད་རྒྱལ་མཚན་ཁོང་གི་འབོད་སྟངས་ལྟར་གྱི”དུས་རབས་གསར་པ་འདིའི་རིག་གནས་ཤེས་བྱ”ཡང་སྦྱོང་བའི་གོ་སྐབས་བླ་ན་མེད་པ་ཞིག་རེད། དུས་རབས་མང་བོ་བརྒལ་བའི་སངས་རྒྱས་ཆོས་ལུགས་ཀྱི་རྟགས་གསལ་གྱི་རིགས་ལམ་སྤྱད་ནས་དེང་རབས་ཀྱི་སློབ་ཚན་ཁྲིད་ཡོང་དུས། སློབ་གྲྭ་འདི་གཉིས་སུ་སྲོལ་རྒྱུན་དེ་དེང་རབས་དང་ཁ་ཐག་རིང་བ་ཞིག་ཡེ་ནས་མ་རེད།

བོད་ཀྱི་ནོར་ཕྱུར་ལས་གཞིས་གསལ་སྟོན་བྱས་པའི་རྙིང་བ་དང་གསར་བའི་མཉམ་བསྲེས་དང་ས་གནས་དང་འཛམ་གླིང་མཉམ་བསྲེས་ཀྱིས་འཇིགས་མེད་རྒྱལ་མཚན་གྱི་འབད་བརྩོན་གྱི་རྨང་གཞི་བྱས་ཡོད་དེ། ཁོང་གིས་སྙེག་བཞིན་པ་ནི”སྲོལ་རྒྱུན་དང་དེང་རབས་རིག་གནས་མཉམ་སྦྲེལ་བྱས་ཏེ་དེ་གཉིས་མཉམ་དུ་དར་སྤེལ་གཏོང་བའི་ཐབས་ལམ”ཞིག་བསྐྲུན་རྒྱུ་དེའོ།། ས་ཁུལ་གྱི་རིག་གནས་ཀྱི་རྒྱུ་ནོར་དང་དངོས་པོའི་རྒྱུ་ནོར་གཉིས་སྲུང་འཛིན་བྱེད་པ་བརྒྱུད། འཇིགས་མེད་རྒྱལ་མཚན་གྱིས་བོད་ཀྱི་སྤྱི་ཚོགས་ལ་རིག་གནས་སྤྱི་ཚོགསག་དང་ཁོར་ཡུག་གི་རང་གཞིས་དང་མཐུན་པའི་སྒོ་ནས་དར་རྒྱས་སུ་འགྲོ་བའི་ལམ་བུ་ཞིག་འཚོལ་རོགས་བྱེད་པར་འབད་བཞིན་ཡོད།

ཡིན་ན་ཡང་། གོ་ལ་ཧྲིལ་བོའི་ཁྲོམ་རར་གདོང་གཏད་པའི་སྤྱི་ཚོགས་ཆུང་ཆུང་འདི་ཡར་རྒྱས་ཀྱི་ལམ་དུ་འགྲོ་བར་ད་རུང་ཡང་དཀའ་ངལ་མང་བོ་ཡོད། “དེང་སང་བོད་དུ་ཁྱིམ་ཚང་མང་ཆེ་བས་སོ་སོའི་ཚོང་ལས་དོ་དམ་བྱེད་བཞིན་ཡོད་ལ”ཞེས་འཇིགས་མེད་རྒྱལ་མཚན་གྱིས་འགྲེལ་བཤད་གནང་དོན། “འདིའི་ཐད་ནས་ཞིང་པ་ཞིག་ལ་མཚོན་ན་རང་ཉིད་ཀྱིས་རང་ཉིད་ཀྱི་ས་ཞིང་ལེབ་མོ་དེར་རྨོ་འདེབས་བྱེད་པ་དང་དེ་ནས་རང་ཉིད་ཀྱི་ནས་བཙོང་གི་ཡོད། རྒྱུ་མཚན་དེའི་དབང་གིས་ཁྱིམ་ཚང་རེ་ལ་ཚོང་པ་རེ་དགོས་པ་ཡིན་པས་དོན་དག་ཡག་པོ་ཞིག་འགྲུབ་རྒྱུ་ཧ་ཅང་དཀའ་མོ་རེད།” གནད་དོན་འདི་ལ་གཞིགས་ནས་སྤྱི་ལོ་༢༠༠༩ལོར། ཁོང་གིས་ཕྱུགས་རིགས་འཚོ་སྐྱོང་བའི་མཉམ་ལས་རུ་ཁག་དར་སྤེལ་གཏོང་ཆེད་གངས་ལྗོངས་ཕྱུགས་ཟོག་གསོ་སྤེལ་ཡར་རྒྱས་མཐུན་ཚོགས་ཞེས་པ་བཙུགས། མཉམ་ལས་རུ་ཁག་འདི་ཚོས་ས་གནས་རིག་གནས་བསྐྱར་གསོ་དང་སྲུང་སྐྱོབ་བྱེད་པའི་ལམ་བུར་བུད་ནས་ས་གནས་ཐོན་རྫས་དར་སྤེལ་དང་སྐུལ་འདེད་གཏོང་བའི་ལས་ཀ་ནུས་ལྡན་ངང་སྒྲུབ་ཀྱི་ཡོད། མི་སྒེར་པ་འདི་དག་མཉམ་རུབ་བྱས་པའི་རྐྱེན་གྱིས་ཁོང་ཚོས་རྒྱ་ཆེ་ཞིང་ཐག་རིང་བའི་ཁྲོམ་རར་ལག་པ་འཆང་ཐུབ་པ་བྱུང་ཞིང་།

འདིས་ཁོང་ཚོར་དཔལ་འབྱོར་ཐོག་གི་བརྟན་བརླིང་དང་ཕུགས་ཡུན་རིང་བའི་ཡར་རྒྱས་ཀྱི་གོ་སྐབས་བསྐྲུན་ཡོད།འཇིགས་མེད་རྒྱལ་མཚན་གྱིས་ཡིད་ཆེས་བྱེད་དོན། དེ་ལྟར་མཐར་ཐུག་ས་གནས་ས་ཐོག་དང་ས་གནས་སྤྱི་ཚོགས་ནས་རྩ་བ་འབུས་པའི་འབྲོག་པའི་རུ་ཁག་ཆུང་ཆུང་འདི་དག་ལ་མ་འོངས་བོད་ཁུལ་ཡར་རྒྱས་ཐད་ཕན་ནུས་རླབས་ཆེན་ལྡན་ངེས། “སྤྱིར་ཡར་རྒྱས་ཉི་ཚེ་བ་རེ་དུས་དང་དུས་སུ་འབྱུང་སྲིད་མོད། འོན་ཀྱང་། ཡར་རྒྱས་དེ་ཕུགས་རྒྱང་རིང་བ་དང་དུས་རྟག་ཏུ་ཕན་པ་ཡོད་པ་ཞིག་ཡིན་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། ང་ཚོ་བོད་པ་ཚོའི་ལྟ་སྟངས་ཀྱི་ངོས་ནས་བཤད་ན”ཞེས་ཁོང་གིས་འགྲེལ་བཤད་རྒྱག་དོན། “ང་ཚོའི་བསམ་བློ་གཏོང་སྟངས་དང་ཆོས་ལུགས་ཀྱི་དད་མོས་ཀྱི་ཐོག་ནས་བཤད་ན། ང་ཚོས་འདས་པའི་ནང་དུ་སྐྱེ་བ་རྫོགས་མེད་ཅིག་བླངས་མྱོང་ལ་མ་འོངས་པར་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ད་དུང་སྐྱེ་བ་རྫོགས་མེད་ཅིག་ལེན་རྒྱུ་ཡིན་ངེས་པས། ང་ཚོས་འཆར་གཞི་ཡོད་ཚད་བསམ་བློའི་འཁྱེར་ཕྱོགས་དེ་ལྟ་བུའི་འོག་ནས་འདིང་གི་ཡོད།”