བདག་ནི་ཀྲུང་གོའི་བོད་ཁུལ་གྱི་གྲོང་ཁྱེར་ས་ཁོངས་དེང་རབས་ཅན་དུ་བསྒྱུར་བའི་ལས་ཀའི་ཁྲོད་དུ་ཆ་ཤས་ལེན་པར་སྤྲོ་སྣང་ཡོད་མཁན་ཞིག་ཡིན་ལ། བདག་གི་ཞིབ་འཇུག་གི་ཁ་ཕྱོགས་ནི་གྲོང་ཁྱེར་གྱི་ཁོར་ཡུག་གྲོང་ཁྱེར་གྱི་སྡོད་མིའི་འཚོ་བ་དང་རིག་གནས་ལ་འབྲེལ་ནས་སྐྲུན་ཐབས་སྐོར་ཡིན། སྤྱིར་ང་རང་གི་ལས་གཞིའི་ཁ་གཏད་ཡུལ་ནི་ལྷ་ས་གྲོང་ཁྱེར་ཡིན་མོད། འོན་ཀྱང་། གྲོང་ཁྱེར་འཕེལ་རྒྱས་ཀྱིས་རིག་གནས་ཀྱི་ཁྱབ་ཁོངས་ལ་ཤུགས་རྐྱེན་ཅི་འདྲ་ཐེབས་མིན་ཐད་ལྟ་བ་དྲང་བོ་ཞིག་ཆགས་ཆེད། ཀྲུང་གོའི་བོད་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ལྟེ་གནས་ཁག་ལ་བལྟ་ཞིབ་བྱས་ཏེ་ཕན་ཚུན་གཤིབ་བསྡུར་བྱ་རྒྱུ་ནི་བདག་ལ་མཚོན་ན་ཧ་ཅང་གལ་ཆེ་བའི་དོན་ཞིག་རེད། ཀུན་ཕན་གྱི་ཞིབ་འཇུག་རོགས་རམ་བྱ་དགར་བརྟེན་ནས། བདག་འཆར་གཞི་བཏིངས་ཟིན་པའི་(དང་འཆར་གཞི་མ་བཏིངས་པའི)འཕེལ་རྒྱས་ས་ཁུལ་འདྲ་མིན་ལ་བལྟ་ཞིབ་བྱེད་ཆེད། ཟི་ལིང་དང་སྐྱེ་དགུ་མདོ། ཁུན་མིན་དང་རྒྱལ་ཐང་(ཤམྦྷ་ལ)བཅས་ལ་སོང་སྟེ་ཡང་བསྐྱར་ཕྱིར་ལྷ་སར་འབྱོར།
གྲོང་རྡལ་འདི་དག་བར་དུ་གཞི་རྒྱ་ཆེ་ཆུང་ཡོད་པ་དེ་གལ་ཆེ་བའིན་དོན་དག་ཞིག་ཡིན་མོད། འོན་ཀྱང་། དེ་དག་ཚང་མ་རེ་རེས་སྔོན་ཆད་གྲོང་གསེབ་ཡིན་པའི་སྤྱི་ཚོགས་འདི་ཉིད་ཀྱི་ཁྲོད་དུ་དེང་རབས་ཅན་དུ་འགྱུར་བའི་དཀྱོག་མཚམས་ལྟ་བུའི་ནུས་པ་ཐོན་གྱི་ཡོད། གྲོང་ཁྱེར་རྣམ་པའི་ཆེད་ལས་མཁས་པ་ཚོས་ས་གནས་ལ་མ་ལྟོས་པར་ཆེད་ལས་རང་བཞིན་དང་རིན་འབེབས་རང་བཞིན། ཚད་ལྡན་རང་བཞིན་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་མོད། འོན་ཀྱང་། ས་གནས་ཀྱི་གོམས་གཤིས་དང་འཚོ་བ་སྐྱེལ་སྟངས། གལ་ཆེ་ཆུང་བཅས་ཀྱིས་སྒྲིག་ལམ་དང་འཕེལ་རྒྱས་། དེ་བཞིན་སྟངས་འཛིན་བཅས་ལ་ཁ་གཏད་བཅག་སྟེ་ཁོང་ཚོ་རང་ཉིད་ཀྱི་ལམ་བུ་ཞིག་དེད་ནས་འགྲོ་ངེས། ཕྱིའི་རྣམ་པ་ནི་རྒྱུན་དུ་ཡིད་འགུག་བྱེད་ཅིག་ཡིན་མོད། འོན་ཀྱང་། བྱ་དངོས་ཆུང་ཆུང་ཁག་གིས་བཟོ་བཀོད་རྒྱ་ཆེན་ལ་གཏོར་བརླག་གཏོང་སྲིད།
ཟི་ལིང་མེ་འཁོར་འབབ་ཚིགས་ནས་བལྟས་ན་གྲང་སྣང་ཤར་ཞིང་ཐལ་མདོག་ཅན་གྱི་ཨར་འདམ་གྱི་ཁང་བརྩེགས་གནམ་ལ་ཟུག་པ་ཁག་གི་ནང་དུ། འུར་སྒྲས་ཁེངས་པའི་ཕྱེ་ཐུག་ཟ་ཁང་གིས་གང་ཡོད་ལ། ཟ་ཁང་དེ་དག་གི་ནང་དུ་ཨ་མདོའི་ཡུལ་གྲུ་སོ་སོ་ནས་ཕེབས་པའི་བོད་པ་ཚོས་ཁ་ཆེའི་ཕྱེ་ཐུག་ཤུབ་སྒྲ་དང་བཅས་འཐུང་བཞིན་ཧོ་ལེ་ཝོས་ཌིའི་གློག་བརྙན་གྲགས་ཅན་ནས་འབྲོག་ཁྱིའི་ཁྱི་ཕྲུག་གི་རིན་གོང་ཚུན་ཆད་ཐོག་ཁ་བརྡ་བྱེད། སྐྱེ་དགུ་མདོའི་ལྟ་ན་སྡུག་པའི་སྲང་གློག་ཁག་དོན་དམ་པར་དགོང་མོར་ཐོན་དུས་བཀར་རྒྱུ་མེད་མོད། འོན་ཀྱང་། འདིས་ཨ་ཁུ་འབྲོག་པ་ཚོ་གེ་སར་རྒྱལ་པོའི་སྐུ་བརྙན་གྱིས་སྲུང་བའི་ལྟེ་གནས་ཐང་ཆེན་ཕྱོགས་སུ་རྐང་འདྲེད་ཤོར་བཞིན་འགྲོ་བར་བར་ཆད་གཏོང་མི་ཐུབ། ནང་ཆེན་པ་ཚོའི་གོམ་པ་སྤོ་སྟངས་དེ་རྫ་སྟོད་པ་ཚོའི་གོམ་པ་སྤོ་སྟངས་དང་མི་འདྲ་བར་སྣང་མོད། འོན་ཀྱང་། དོན་དུ་ཅི་ཞིག་མི་འདྲ་ཞེ་ན་འགྲེལ་བཤད་རྒྱག་དཀའ། རྒྱལ་ཐང་ངམ་ཀྲུང་ཏིའན་ཏེ། དེང་སང་ཤམྦྷ་ལར་འབོད་པའི་ས་ཆ་དེར། ཧྲིན་ཀྲིན་ནས་ཡོང་བའི་གཞོན་ནུ་མ་ཚོས་ནཱ་ཞིས་མི་རིགས་ཀྱི་གྱོན་གོས་གོན་སྟེ་ཁ་ནས་ཁོང་ཚོ”བོད་པ”ཡིན་ཟེར་ཞིང་ལག་ནས་བལ་ཡུལ་ནས་ཐོན་པའི་རྒྱན་ཆ་འཚོང་། ཁང་བརྩེགས་རྙིང་པ་ཁག་ནི་ན་ནིང་བསྐྲུན་པ་ཡིན་ལ་ཁང་བརྩེགས་གསར་པ་དེ་རྣམས་གཞི་ནས་འཐོར་ཞིག་ཏུ་འགྲོ་བཞིན་འདུག ལྷ་ས་སྟེ། ལྷ་ཡི་ས་འདིར་ང་ཚོ་འཛམ་གླིང་ས་ཆ་གང་ས་གང་ནས་ལྷ་ཡུལ་གྱི་དམུ་ཐག་འཚོལ་དུ་ཡོང་མོད། འོན་ཀྱང་། ང་ཚོས་མཐོང་ཡོང་བ་ནི་བོད་པ་ཚོས་གསོལ་འདེབས་དང་སྨོན་ལམ་རྣམས་འགྱིག་ཤོག་གི་ལྒང་ཕུག་དང་ལྷན་དུ་འཇིག་རྟེན་གཞན་པ་ཞིག་དུ་སྐྱེལ་བཞིན་པ་དེའོ།།
གྲོང་རྡལ་འདི་དག་ནང་གི་འགྱུར་ལྡོག་ནི་དངོས་གནས་མགོ་ཡུག་འཁོར་བྱེད་ཅིག་རེད། འདིར་མཐོང་ཡོང་བ་ནི་”རྒྱ”དང་”བོད་ཀྱི”ཁྱད་པར་མ་ཙམ་ཡིན་པར། འདིར་ཡོད་པ་ནི་བོད་ཀྱི་ས་ཁུལ་འདྲ་མིན་དང་སྤྱི་ཚོགས་གྲལ་རིམ་སྣ་ཚོགས་ནས་སླེབས་པའི་གོམས་གཤིས་དང་འཚོ་བ་སྐྱེལ་སྟངས་འདྲ་མིན་གྱིས་རྒྱལ་ཡོངས་དང་རྒྱལ་སྤྱིའི་ཤུགས་རྐྱེན་འོག་ནས། མ་གཞི་ནས་ཁེར་རྐྱང་ཡིན་པར་འབོད་པའི་ས་ཆ་འདི་དག་རིག་གནས་རྒྱུད་བསྲེས་དང་འགྱུར་ལྡོག་གི་ལྟེ་གནས་ཤིག་ཏུ་བསྒྱུར་འདུག