དེ་ནི་ཧ་ལས་དགོས་པ་ཞིག་རེད། གདོང་པ་ཤིན་ཏུ་ཆེ་བའི་བོད་མི་ན་གཞོན་ཞིག་གིས་ལྷ་སའི་བར་སྐོར་ཁུལ་གྱི་དཀར་རྩི་བྱུགས་པའི་རྩིག་གྱང་གི་གནའ་བོའི་སྒོ་ལམ་ཞིག་ནས་ངའི་ཁ་གཏད་དུ་ལངས་ཏེ། མིག་འབུར་ཚིགས་སུ་ཅེར་བྱུང་། ཉིན་མ་དེ་ནི་དགེ་འདུན་ཆོས་འཕེལ་རི་མོ་ཚོགས་པ་ཐོག་མར་སྒོ་ཕྱེས་པའི་ཉིན་མོ་རེད་ལ། བོད་མི་ན་གཞོན་འདིའི་གདོང་ནས་ཧོང་ཀོང་གི་འོད་རླངས་གློག་བཞུ་ལས་འཕྲོས་པའི་མུ་མེན་གྱི་མདོག་ལྟ་བུ་ཞིག་ལས། ༢༠༠༣ ལོའི་སྟོན་ཞོགས་ཀྱི་ཉི་ཟེར་གྱི་བཀྲག་མདངས་དེ་མི་འཕྲོ།
ང་ནི་ད་སྐབས་དགེ་འདུན་ཆོས་འཕེལ་རི་མོའི་ཚོགས་པ་ཟེར་བ་ཞིག་གྲུབ་ཡོད་པ་འདིའི་ཁོངས་ཀྱི་རི་མོ་བ་རྣམས་ལ་ཐོག་མར་ ༢༠༠༠ ལོའི་དབྱར་ཀར་ཐུག་ཅིང་། ལོ་དེའི་གོང་ལ་ངས་ཀུན་ཕན་ཐེབས་རྩ་ཚོགས་པར་བྱ་བ་སྒྲུབ་མགོ་བརྩམས་ཏེ་ལྷ་སར་སྤོར་བ་ཡིན། སྐབས་དེར། ཀུན་ཕན་ཐེབས་རྩ་ཚོགས་པས་ལོ་ངོ་ཁ་ཤས་ཀྱི་རིང་ལ་རིག་གཞུང་གི་ཁྱབ་ཁོངས་ནས་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་གཙོ་བོར་བཟུང་བ་རེད་མོད། ཡིན་ནའང་ལོ་དེའི་དབྱར་མགོ་ནས་བཟུང་ང་ཚོས་རིག་གཞུང་གསར་གཏོད་ཀྱི་ལས་གཞི་རྒྱ་སྐྱེད་དུ་གཏོང་རྒྱུའི་གོ་སྐབས་བཙལ་བ་ཡིན། དེ་ཡང་དམིགས་བསལ་དུ་བོད་ཀྱི་རིག་གཞུང་འཕེལ་རྒྱས་སུ་གཏོང་བ་དང་དེ་ལ་ཟུངས་ཤུགས་གསར་བ་ཞིག་སྦྱིན་ཐུབ་པའི་ལས་གཞི་སྤེལ་རྒྱུའི་ཐོག་ལ་རེ་འདུན་ཆེན་པོ་ཞིག་བཅངས་པ་ཡིན།
ང་ལྷ་སར་སྡོད་པའི་རིང་ལ། ནེའུ་ཡོག་ཏུ་ཡོད་པའི་ངའི་ལས་གྲོགས་བསྟན་འཛིན་དགེ་ལེགས་ལགས་བརྒྱུད་དེ། བོད་ཀྱི་རི་མོ་བ་ཚོ་ལས་ཚེ་རིང་དོན་འགྲུབ་ལགས་ཐོག་མར་མཇལ་བྱུང་། སྐབས་དེར་ཁོང་གིས་ཚེ་རིང་རྡོ་རྗེ་ལགས་དང་ལྷན་དུ་བོད་ཀྱི་གླུ་གར་ཚོགས་པ་རུ་གར་སྟེགས་བཟོ་འགོད་ཀྱི་བྱ་བ་སྒྲུབ་བཞིན་འདུགཚེ་རིང་དོན་འགྲུབ་ལགས་ཀྱིས་ཁོང་གི་རི་མོ་རྣམས་མ་བསྟན་གོང་ལ། ཐོག་མར་ང་ཚོ་ཁོང་གི་དགེ་རྒན་ཟེར་བ་དེར་ཐུག་དགོས་པའི་རེ་བ་བཏོན། དེར་བརྟེན་ང་ཚོ་ཁོང་གི་དགེ་རྒན་ཚེ་རིང་རྡོ་རྗེ་ལགས་ཀྱི་ཁྱིམ་ནས་ཐུག་པ་ཡིན་ལ། སྐབས་དེར་ངའི་ལས་རོགས་ ཁཱིམ་ མོ་རི་སི་ (Kim Morris) ཡང་མཉམ་དུ་ཡོད། ཚེ་རིང་རྡོ་རྗེ་ལགས་ནི་སྒོ་རྭའི་ནང་དུ་ལྡུམ་རྭ་ཡོད་པའི་བོད་ཀྱི་སྲོལ་རྒྱུན་གྱི་ཁང་པ་མཛེས་ཉམས་ལྡན་པ་ཞིག་ཏུ་བཞུགས་འདུག ཁང་པའི་སྒོ་ལམ་དུ་སྟག་མའི་མེ་ཏོག་ཟིང་སྐྱ་ཅན་མང་པོ་བསྟར་ཕྲེང་བསྒྲིགས་ནས་འདུག་ལ། སྒོ་རྭའི་མཐའ་སྐོར་ཏུ་ཚོས་གཞི་སྣ་ཚོགས་ཀྱིས་ཕྱུག་པའི་མེ་ཏོག་གི་རྫ་བུམ་མང་པོ་ཞིག་བཞག་འདུག གཞུང་སྒོ་དམར་པོ་དེའི་ཕྱི་ནས་ལྷ་སའི་སྲང་ལམ་ཁག་གི་ཟང་ཟིང་གི་སྐད་སྒྲ་རྣམས་གྲགས་ཡོང་བ་ཕུད། དེ་མིན་ཁྱིམ་ཚང་འདི་ནི་ཤིན་དུ་ཁུ་སིམ་པའི་ལྷིང་འཇགས་ཀྱི་ཞིང་ཁམས་ཤིག་རེད།
ཇ་ཕོར་པ་འགའ་ཤས་བཏུངས་རྗེས། ཁོང་གིས་ང་ཚོར་རི་མོར་བལྟ་འདོད་ཡོད་མེད་དྲིས་ཏེ། ཐོག་བརྩེགས་གཉིས་པའི་སྟེང་དུ་ཡོད་པའི་ཁོང་གི་རི་མོའི་ལས་ཤག་ཏུ་སོང་འཁྲིད་བྱུང་། ཁོང་གི་རི་མོའི་ལས་ཤག་ཏུ་རི་མོ་འབྲི་སའི་རས་གཞི་་དང་རི་མོ་མང་པོ་བཅས་ཀྱིས་ཁེངས་འདུག་ལ། འདི་འདྲའི་རི་མོ་མང་པོ་ཅན་གྱི་རི་མོའི་ལས་ཤག་ཅིག་ངའི་མི་ཚེའི་ནང་དེ་སྔ་མཐོང་མ་མྱོང་།
རི་མོ་རྣམས་གསལ་ཙམ་མཐོང་རྒྱུའི་ཆེད་དུ། ཁོང་གིས་རང་གི་རི་མོའི་དཔེ་མཚོན་ཁག་ཅིག་སྒོ་རྭའི་ཉི་འོད་འོག་ཏུ་འཁྱེར་སོང་ནས་ང་ཚོ་ལ་བསྟན་སོང་། རི་མོ་དེ་དག་ལས་གཅིག་ནི་དམར་ནག་དང་སེར་ནག་གི་ཚོས་གཞི་ཡིས་ཤས་ཆེར་བྲིས་པའི་ཕོ་བྲང་པོ་ཏཱ་ལའི་སྣུམ་ཚོན་རི་མོ་ཞིག་རེད་ལ། རི་མོ་དེས་ངའི་ཡིད་སེམས་དྲངས་སོང་། ཁོང་གིས་ཕོ་བྲང་གི་གཞོགས་མཐའི་དྲང་ཐིག་རྣམས་ཀྱག་ཀྱོག་ཏུ་བྲིས་ཏེ། ཕོ་བྲང་པོ་ཏཱ་ལ་ནི་མི་མངོན་པའི་ཟིལ་ཤུགས་ཞིག་གིས་བཙུར་ནས་ཡོད་པ་ལྟ་བུའི་རྣམ་པ་ཞིག་བྲིས་འདུག ཁོང་གིས་དེ་ལྟར་བྲིས་པ་དེས་ཕོ་བྲང་གི་དྲང་ངེར་འགྱིང་བའི་བཀོད་པ་ངོ་མ་དེ་བརླག་ཏུ་བཅུག་ཡོད་ནའང་། ཕྱོགས་གཞན་ཞིག་ནས་ཕོ་བྲང་གི་གཞོགས་མཐའི་དྲང་ཐིག་རྣམས་འཁྱོག་འབྲི་བྱས་པ་དེས་པོ་ཏཱ་ལ་ནི་གཞོགས་དང་ཟུར་ནས་བར་སྣང་དུ་མཆེད་ཀྱི་ཡོད་པ་ལྟར། ཕོ་བྲང་ལ་ཟུངས་ཤུགས་གསར་བ་ཞིག་སྦྱིན་ཡོད་པའི་སྣང་བའང་སྟེར།
རི་མོ་དེའི་འཁྲིས་སུ་མཆོད་རྟེན་གྱི་རི་མོ་ཞིག་བཞག་འདུག་པ་དེ་ནི་བོད་ཀྱི་མཐོ་སྒང་གི་ནམ་མཁའ་གཡའ་དག་པའི་ཉིན་མོའི་མཚུངས་ཟླ་བྲལ་བའི་འོད་ཟེར་དང་བསྡེབས་ནས་བྲིས་པའི་རི་མོ་ཞིག་རེད། རི་མོ་དེ་ཡང་མི་མངོན་པའི་བཙན་ཤུགས་ཞིག་གིས་བཙུར་ཡོད་པ་ལྟ་བུ་ཞིག་ཏུ་མངོན་འདུག་མོད། ཡིན་ནའང་དེ་ནི་པཱ་ཀི་སི་ཐཱན་ནས་ཀན་སུའུ་བར་གྱི་གྲོང་གསེབ་གང་དུ་བཞེངས་ཡོད་རུང་བོད་ཀྱི་དམིགས་བསལ་གྱི་ཁྱད་ཆོས་མཚོན་པའི་རྟགས་མཚན་ཞིག་ཡིན་པ་ལམ་སེང་འཁྲུལ་མེད་དུ་ངོས་འཛིན་བྱེད་ཐུབ།
ངའི་ལས་རོགས་ཁཱིམ་ནི་སྔར་ཚེ་རིང་གི་རི་མོར་བལྟ་རུ་འགྲོ་མྱོང་འདུག་པས། ང་གཅིག་པུ་ཁོང་གི་ཁང་པར་རི་མོར་བལྟ་རུ་སོང་བ་ཡིན། ཚེ་རིང་ནི་ཕོ་བྲང་པོ་ཏཱ་ལ་དང་ཐག་མི་རིང་བའི་སར་ཨར་འདམ་གྱི་ཁང་པ་ཞིག་ཏུ་བསྡད་འདུག་ཅིང་། ཨར་འདམ་གྱི་ཁང་པ་དེའི་རིགས་ནི་ལོ་རབས་ལྔ་བཅུ་དང་དྲུག་བཅུའི་སྐབས་སུ་ཀྲུང་གོ་རུ་གྲངས་ཀ་འབོར་ཆེན་བརྒྱབ་སྟེ། ད་ལྟ་ཀྲུང་གོའི་གྲོང་ཁྱེར་གང་རུང་དུའང་ཁང་པ་དེའི་རིགས་མེད་ས་མེད། རི་མོ་བ་ཞིག་ཁང་པ་འདི་འདྲ་ཞིག་ཏུ་སྡོད་ཀྱི་ཡོད་པ་རེད་ཨང་ཞེས་བསམ་པ་ཙམ་གྱིས་ཀྱང་སེམས་སུ་མི་བདེ་བའི་ཚོར་སྣང་ཞིག་སྐྱེས་པར་བྱེད།
ཚེ་རིང་གིས་ “ང་འདུག་ས་འདི་རེད” ཅེས་བཤད་དེ། ང་ཁོང་གི་ཁང་མིག་ཆུང་ངུ་དེའི་སྒོ་ནས་ཡར་འཛུལ་པ་ཡིན། ཁང་མིག་ཆུང་ཆུང་དེ་རུ་ས་ཁོད་གཞན་པ་ཅི་ཡང་མེད་པར། དེ་ནི་ཁོང་གི་ཁྱིམ་དང་ལས་ཤག་གཉིས་ཀ་རེད་འདུག ཕལ་ཆེར་སྒོ་ནང་ནས་ཡར་འཛུལ་མ་ཐག་ནས་ངའི་མིག་ཟུང་གཉིས་ནི་མི་བགྲེས་སོང་ཞིག་གི་རི་མོས་དྲངས་སོང་། རི་མོ་དེ་རུ་གཉེར་མ་རེ་རེ་ལ་ཞིབ་ཕྲ་བཏོད་དེ། ཕལ་ཆེར་སྐུ་པར་ངོ་མ་འདྲ་བ་ཞིག་བྲིས་འདུག བགྲེས་སོང་དེས་ཕུར་ཚུགས་སུ་བལྟས་པའི་མིག་མདངས་དེ་ཁང་མིག་དེའི་མདོ་ནས་ངའི་ལུས་སེམས་ཡོངས་སུ་ཚ་བེར་བེར་ངང་ཟུག་པར་གྱུར་ཞིང་། ང་རི་མོ་དེ་དང་ཅི་ཙམ་ཐག་ཉེ་རུ་དུད་ནའང་ཚོར་སྣང་དེ་ངའི་ལུས་སེམས་ནས་ཡལ་མ་སོང་། ཁང་མིག་དེར་བཤམས་པའི་རི་མོ་རེ་རེའི་ཐོག་གི་སྲོལ་རྒྱུན་གྱི་ཆས་གོས་སྤྲས་པའི་འབྲི་བྱའི་མི་རྣམས་དང་མི་དེ་དག་འབྲི་བྱེད་ཀྱི་དེང་རབས་ཀྱི་འབྲི་སྲོལ་གཉིས་བཅས་བར་གྱི་དབྱེ་ཁྱད་ཆེན་པོ་དེ་དང་རི་མོའི་ཐོག་གི་མི་རེ་རེའི་གདོང་གི་རྣམ་འགྱུར་གཏུམ་པོ་བཅས་ཀྱིས་ངའི་ཡིད་སེམས་དབང་མེད་དུ་བཀུག་སོང་། རྗེས་ནས་ངས་ཤེས་གསལ་ལྟར་ན། སྐབས་དེར་ངས་ཐོལ་བྱུང་དུ་ཚོར་བའི་རི་མོ་དེ་ཚོའི་ཁྱད་ཆོས་རྣམས་ནི། གཞན་ཅང་མིན་པར་ཚེ་རིང་ཁོང་རང་ཉིད་ཀྱི་རི་མོའི་འབྲི་རྩལ་གྱི་ཁྱད་ཆོས་ཤིག་རེད་འདུག ང་ཚོའི་བར་གྱི་བཀའ་མོལ་དང་པོ་དེའི་རིང་ལ། ཁོང་ཚོས་སོ་སོའི་རི་མོ་ནུབ་ཕྱོགས་སུ་འགྲེམས་སྟོན་བྱེད་པའི་གོ་སྐབས་ཞིག་ཐོབ་རྒྱུར་རེ་འདུན་ཆེན་པོ་བཅངས་ཀྱི་ཡོད་པ་གསལ་སྟོན་བྱས་སོང་། ཀུན་ཕན་ཐེབས་རྩ་ཚོགས་པ་རུ་ང་ཚོས་དེའི་སྐོར་ལ་གྲོས་མོལ་བྱས་པ་བརྒྱུད་ཀུན་ཕན་ཐེབས་རྩ་ཚོགས་པས་རི་མོ་བ་འདི་དག་གི་རི་མོ་འགྲེམས་སྟོན་བྱེད་པར་རོགས་རམ་ཞུ་ཐུབ་པ་མ་ཟད། དེ་ལས་ཀྱང་གལ་ཆེན་པོ་ཞིག་ལ་ང་ཚོས་ཁོང་ཚོའི་རི་མོ་རྣམས་རྒྱལ་སྤྱིའི་ཉེ་རབས་རི་མོའི་སྡིངས་ཆར་མངོན་དུ་འཇུག་རྒྱུར་རོགས་རམ་ཞུ་ཐུབ་པའི་སེམས་ཚོར་སྐྱེས་བྱུང་། ནེའུ་ཡོག་ཏུ་བསྟན་འཛིན་དགེ་ལེགས་ལགས་ཀྱིས་སྐབས་དེར་ལོ་ངོ་བཅུ་བཞིའི་རིང་ལ་ “ལས་ཤག་ཏུ་རི་མོ་བ་གདན་ཞུ” ཟེར་བའི་ལས་རིམ་ཞིག་བཀོད་སྒྲིག་བྱེད་མཁན་གྱི་སྒྱུ་རྩལ་ཚོགས་པ་ཆེན་པོ་ཞིག་སྟེ། སི་ཊ་ཊེན་གླིང་ཕྲན་དུ་ (Staten Island) ཡོད་པའི་ སི་ནཱ་གཱི་ ཧར་སྦོར་ (Snug Harbor) ཞེས་པའི་རིག་གཞུང་ལྟེ་གནས་ཁང་དེར་འབྲེལ་བ་བྱས་ནས། ང་ཚོར་འགྲེམས་སྟོན་བྱེད་སའི་ས་ཆ་ཞིག་གནང་རྒྱུའི་ཞལ་བཞེས་ཐོབ་པ་མ་ཟད། ད་དུང་རི་མོ་བ་བཞི་ཤོངས་སའི་ལས་ཤག་ཅིག་ཀྱང་བཀོད་སྒྲིག་གནང་། དུས་མཚུངས་སུ། བསྟན་འཛིན་དགེ་ལེགས་ལགས་ཀྱིས་མཱན་ཧ་ཐཱན་ (Mahattan) ཞོལ་མར་ཡོད་པའི་ཧེན་རེས་སྲང་ལམ་གྱི་གཞིས་ཆགས་ (Henry Street Settlement) ཞེས་པ་ཞིག་གིས་“ལས་ཤག་ཏུ་རི་མོ་བ་གདན་ཞུ”ཟེར་བའི་ལས་རིམ་ཞིག་གཉེར་གྱི་ཡོད་པ་མ་ཟད། ད་དུང་གསར་ཐོན་རི་མོ་བ་ཁག་ཅིག་གི་རི་མོ་འགྲེམས་སྟོན་ཡང་བྱེད་ཀྱི་ཡོད་པའི་ཚོགས་པ་དེ་ལའང་འབྲེལ་བ་ཞུས་ཏེ། རི་མོའི་ཚོགས་པ་འདི་གཉིས་དང་ལྷན་དུ་ཀུན་ཕན་ཐེབས་རྩ་ཚོགས་པས་རྒྱལ་སྤྱིའི་རིག་གཞུང་མཉམ་ལས་ཞེས་པའི་ལས་གཞི་ཞིག་བཙུགས་པ་ཡིན།
ང་ཚོས་ སི་ནཱ་གཱི་ ཧར་སྦོར་ རིག་གཞུང་ལྟེ་གནས་ཁང་གིས་རི་མོ་བ་བཞི་ལ་བཀོད་སྒྲིག་བྱས་པའི་ལས་ཤག་དེའི་ཞོར་དུ། ལས་ཤག་གཞན་པ་གཉིས་ལྷག་ཡོད་པ་དེའང་ང་ཚོའི་ལས་གཞི་འདིར་སྙན་ཞུ་གཏོང་མཁན་གྱི་རི་མོ་བའི་སྡེ་དེ་རྒྱ་ཆེ་ཙམ་གཏོང་རྒྱུའི་ཆེད་དུ་འབུལ་རྒྱུའི་ཐག་གཅོད་བྱས་ཏེ། ལོ་དེའི་དབྱར་ཀར་ཚེ་རིང་གིས་ང་འཁྲིད་ནས་ལྷ་ས་དང་ལྷ་སའི་འཁྲིས་སུ་བཞུགས་པའི་རི་མོ་བ་རྣམས་ལ་ཐུག་ཏུ་སོང་།
གཅིག་དགུ་བརྒྱད་ཅུ་གྱ་གྲངས་སུ་བོད་ལྗོངས་འདི་ཉིད་ཕྱི་ཕྱོགས་སུ་སྒོ་ཕྱེས་པ་ནས་བཟུང་བོད་དུ་ལྟ་སྐོར་ལ་ཡོང་མཁན་ཇེ་མང་དུ་སོང་ཡོད་མོད། ཡིན་ནའང་དགུ་བཅུ་གོ་གྲངས་ཀྱི་མཇུག་དང་ཉིས་སྟོང་ཐམ་པའི་ལོ་རབས་ཀྱི་སྟོད་དུ། བོད་དུ་ཕྱི་ནང་གཉིས་ནས་ལྟ་སྐོར་དུ་ཡོང་མཁན་རྒྱ་མཚོའི་རྦ་རླབས་ལྟར་འཕྱུར་ཏེ། བར་སྐོར་འཁྲིས་ཀྱི་སྲང་ལམ་ཁག་ནི་བོད་ཀྱི་རི་མོ་བཙོང་མཁན་གྱི་ཚོང་ཁང་གིས་ཁྱབ་པར་གྱུར། བོད་དུ་ལྷ་བྲིས་ཆེན་མོ་ཁག་དང་ཁོང་ཚོའི་དགེ་ཕྲུག་ཚོས་ཕུལ་དུ་བྱུང་བའི་ཐང་ག་བྲིས་ཡོད་པ་མ་ཟད་ད་དུང་ཡང་འབྲི་བཞིན་ཡོད་པ་རེད་མོད། ཡིན་ནའང་སྐབས་དེར་ཁྲོམ་རྭར་བཙོང་བཞིན་པའི་རི་མོ་ཕལ་ཆེ་བ་ནི་ལྟ་སྐོར་བ་མང་པོ་བོད་དུ་བཀུག་དང་འགུག་བྱེད་ཀྱི་ཤམ་བཱ་ལའི་སྒྱུ་འཕྲུལ་སྤྱན་འདྲེན་བྱེད་པའི་སྣང་བརྙན་ཁག་ཅིག་དང་བོད་མིའི་ཉིན་རྒྱུན་འཚོ་བའི་ཕྱི་ཚུལ་གྱི་ཁྱད་ཆོས་ཙམ་མཚོན་པའི་རི་མོ་ཁག་ཅིག་རེད།
ཡིན་ནའང་སྐབས་དེར་ལྷ་ས་གྲོང་ཁྱེར་དུ་རི་མོ་བ་ཁག་ཅིག་གིས་རི་མོ་འབྲི་སྲོལ་གསར་བ་ཞིག་གི་མགོ་བརྩམས་ཡོད་ལ། རི་མོ་བ་དེ་དག་ལས་མང་པོ་ཞིག་ནི་སྐབས་དེ་ནས་བཟུང་སོ་སོའི་འཇོན་ནུས་ཁོ་ནར་བརྟེན་ནས་སྙན་གྲགས་རྒྱས་ཡོད། རི་མོ་བ་ཕལ་ཆེ་བ་ཞིག་ལ་སྐབས་དེར་སོ་སོར་དབང་བའི་རི་མོ་འབྲི་སའི་ལས་ཤག་ཅིག་ཀྱང་མེད་པས། ང་ཚོ་ཁོང་ཚོའི་ཁྱིམ་དུ་ཐུག་སྟེ་སྒོ་རྭའི་ནང་དུ་བསྡད་ནས་ཇ་འཐུང་ཞོར་དུ་ཁོང་ཚོའི་རི་མོའི་སྐོར་ལ་སྐད་ཆ་བཤད་པ་ཡིན། རི་མོ་བ་འདི་དག་གིས་སྐབས་དེར་འབྲི་བཞིན་པའི་རི་མོ་ཕལ་ཆེ་བ་ཞིག་ལ་ད་དུང་ཡང་སྔར་སྲོལ་གྱི་ཤུགས་རྐྱེན་ཆེ་ནའང་། ཁོང་ཚོའི་ཁྲོད་ནས་ཁ་ཤས་ཤིག་ནི་སྔར་སྲོལ་ལས་ལོགས་སུ་ཐོན་ཏེ། རི་མོའི་རྣམ་པ་གསར་བ་ཞིགདང་། འབྲི་སྲོལ་གསར་བ་ཞིག འབྲི་ཐབས་གསར་བ་ཞིག་བཅས་ལ་ཚོད་ལྟ་བྱེད་པ་དང་། གཟུགས་བརྙན་གསར་བ་ཞིག་གསར་གཏོད་བྱེད་པའི་འབད་བརྩོན་བྱེད་བཞིན་འདུག ང་ཚོའི་ལས་གཞི་འདིར་བོད་ནས་སྙན་ཞུ་འབུལ་མཁན་གྱི་རི་མོ་བ་མང་པོ་ཞིག་བྱུང་ཞིང་། ང་ཚོས་ སི་ནཱ་གཱི་ ཧར་སྦོར་ཚོགས་པ་དང། ཧེན་རེས་སྲང་ལམ་གྱི་གཞིས་ཆགས་ཞེས་པའི་ཚོགས་པ་གཞན་ཡང་གོང་དཀར་རྒྱ་མཚོ་བཅས་དང་མཉམ་དུ་གྲོས་མོལ་བྱས་པ་བརྒྱུད། མཐའ་མ་དེར་རི་མོ་བ་དེ་དག་ལས་དགའ་བདེ་དང་སྤེན་ཆུང་གཉིས་བདམས་པ་ཡིན། གོང་དཀར་རྒྱ་མཚོ་ནི་དེ་དུས་རི་མོ་བ་གལ་གནད་ཆེ་བ་ཞིག་ཏུ་འགྱུར་བཞིན་པའི་སྒང་རེད། སྐབས་དེར་དགའ་བདེ་ཡིས་ད་དུང་ཡང་བོད་ཀྱི་སྲོལ་རྒྱུན་གྱི་ཚོན་རྩི་སྤྱད་ནས་རི་མོ་འབྲི་བཞིན་འདུག་ནའང་། ཁོང་ལ་ཚོན་རྩིའི་ཐད་ནས་བཀག་རྒྱ་ཆེན་པོ་ཞིག་ཐེབས་ཡོད་ཅིང་། སྐབས་དེར་ཁོང་ནི་རང་ཉིད་ཀྱི་ཉམས་མྱོང་མང་ཙམ་ཐད་ཀར་མཚོན་པའི་རི་མོ་འབྲི་སྲོལ་ཞིག་གི་ཕྱོགས་སུ་ཁ་ལོ་སྒྱུར་ཚར་འདུག
རི་མོ་བ་རྣམས་ ༢༠༠༡ ལོའི་སྤྱི་ཟླ་ ༡༡ བར་ཨ་མེ་རི་ཀར་འབྱོར་ཏེ། གདན་ཞུའི་ལས་ཤག་དེར་རི་མོ་འབྲི་འགོ་བརྩམས། ཁོང་ཚོ་ཨ་མེ་རི་ཀར་ཟླ་བ་བཞིར་བསྡད་ཅིང་། ཁོང་ཚོ་ལས་མི་སུ་གཅིག་ཀྱང་དེ་སྔ་ཨ་མེ་རི་ཀར་ཡོང་མྱོང་མེད། ཨ་མེ་རི་ཀར་ཁོང་ཚོས་རི་མོ་ཅི་ཞིག་མཐོང་བ་དང་མི་སུ་འདྲ་ཞིག་ལ་ཐུག་པ་བཅས་དང་འབྲེལ་ནས། ཐོག་མའི་ཆར་ཁོང་ཚོ་ཅུང་ཙམ་ཧོན་འཐོར་ཞིང་མགོ་རྨོངས་པ་ཞིག་ཏུ་གྱུར་མོད། ཡིན་ནའང་ངའི་སེམས་སུ་དུས་སྐབས་དེ་ནི་ཁོང་ཚོའི་མི་ཚེའི་ཁྲོད་ཀྱི་དམིགས་བསལ་གྱི་དུས་སྐབས་ཞིག་རེད་བསམ་བྱུང་། ལས་གཞི་འདིའི་ཐོག་ལ་ང་ཚོ་དང་མཉམ་འབྲེལ་བྱེད་མཁན་གྱི་ཨེ་ཤེ་ཡའི་རི་མོའི་ལྷན་ཚོགས་ཞེས་པ་དེས་རི་མོ་བ་དང་དམིགས་བསལ་དུ་འཁྲབ་སྟོན་སྒྱུ་རྩལ་བ་རྣམས་གདན་ཞུས་ཀྱིས། བོད་ནས་ཕེབས་པའི་རི་མོ་བ་བཞི་དང་ལྷན་དུ་མཇལ་འཕྲད་དང་ཕན་ཚུན་འབྲེལ་མོལ་གནང་དུ་བཅུག་པའི་ལས་དོན་བླ་ན་མེད་པ་ཞིག་བསྒྲུབས་བྱུང་། དེ་མ་ཟད་ཁོང་ཅག་བཞི་ལ་སྐབས་དེར་འགྲེམས་སྟོན་ཁང་གི་དོ་དམ་པ་དང་། བདག་པོ། འཇིམ་བཟོ་བ་ ལོའུ་ཡིས་སི་ སྦོ་ཞོའུ་ཝ་སི་ (Louise Bourgeois) ཡིས་མཚོན་པའི་སྒྱུ་རྩལ་བ་གཞན་དག་བཅས་ལ་ཐུག་པའི་གོ་སྐབས་ཡང་ལྡན་པར་གྱུར། ཧེན་རེས་སྲང་ལམ་གྱི་གཞིས་ཆགས་ཞེས་པའི་ཚོགས་པ་དེས་ཚོགས་པ་རང་ཉིད་ཀྱི་ “ལས་ཤག་ཏུ་རི་མོ་བ་གདན་ཞུ” ཟེར་བའི་ལས་རིམ་ཁོངས་ཀྱི་མི་སྣ་ཟུར་བ་ཁག་ལས་མི་བརྒྱད་བདམས་ཏེ། བོད་ཀྱི་རི་མོ་བ་འདི་ཚོ་དང་ལྷན་དུ་རྒྱུན་དུ་མཇལ་འཕྲད་བྱེད་པ་དང་། ཁོང་ཚོ་འཁྲིད་ནས་གྲོང་ཁྱེར་གྱི་ཕྱི་ནང་བར་གསུམ་གྱི་འགྲེམས་སྟོན་ཁང་ཁག་དང་། རི་མོ་བཤམས་སྟོན་ཁང་ཁག རི་མོའི་འགྲེམས་སྟོན་ཁག རི་མོ་འབྲི་ཁང་བཅས་སུ་ལྟད་མོར་ཕེབས་ཡོད། ༢༠༠༢ ལོའི་དབྱར་ཀར་རི་མོ་བ་བཞི་བོད་དུ་ཕྱིར་ཕེབས་སྐབས། ངས་ཁོང་ཚོར་ “ཁྱེད་ཚོ་ནེའུ་ཡོག་ཏུ་སྡོད་པའི་རིང་ལ་ཁྱེད་ཚོའི་སེམས་ཀྱི་བག་ཆགས་ཟབ་ཤོས་དེ་ཅི་ཞིག་རེད་དམ” ཞེས་དྲིས་པར། ཁོང་ཚོ་བཞི་པོས་སོམ་ཉི་ཅི་ཡང་མེད་པར་དེ་ནི་རི་མོ་འབྲི་ཁང་ཁག་ཏུ་ལྟ་སྐོར་ལ་སོང་བ་དེ་རེད་ཅེས་བཤད་བྱུང་།
ཆཱལ་སིས་ཟེར་བ་ས་ཁུལ་དེའི་ ཌུམ་སྦོ་ (DUMBO) དང་ ཝེ་ལམ་སི་ སྦིར་གཱི (Williamsburg) ཟེར་བའི་ཁང་པ་དེ་གཉིས་སུ་རི་མོ་བས་ཡོངས་སུ་བཀང་པ་དེ་ཚོས་ཕན་ཚུན་མཉམ་འབྲེལ་དང་། ཕན་ཚུན་བསམ་ཚུལ་བཤད་རེས་བྱེད་པའི་ཐོག་ནས་ལས་ཀ་མཉམ་ལས་བྱེད་པ་དེ་མཐོང་སྟེ། བོད་ནས་ཕེབས་པའི་རི་མོ་བ་བཞི་ལ་དེ་མ་ཐག་ཏུ་ཤུགས་རྐྱེན་ཞིག་ཐེབས་པར་གྱུར། དེ་ནི་སྤེན་ཆུང་དང་། ཚེ་རིང་། དགའ་བདེ། སྙན་གྲགས། གཞན་ཡང་བོད་དུ་བཞུགས་པའི་རི་མོ་བ་ཞིག་བཅས་མཉམ་འབྲེལ་གྱི་ཐོག་ནས་དགེ་འདུན་ཆོས་འཕེལ་རི་མོའི་ཚོགས་པ་ཞེས་འབོད་པར་གྱུར་བ་འདིའི་འཆར་གཞིའི་ས་བོན་འདེབས་མགོ་བརྩམས་སོང་། རྗེས་ནས་སྤེན་ཆུང་གིས་སོ་སོའི་ལས་གཞི་འཛིན་པའི་ཆེད་དུ་ཚོགས་པ་འདི་ནས་ཕྱིར་བུད་ནའང་། རི་མོའི་འགྲེམས་སྟོན་ཁང་འདི་འཛུགས་རྒྱུའི་འཆར་གཞི་རྣམས་མུ་མཐུད་ནས་རྒྱུན་འཁྱོངས་བྱས་པ་རེད། ལྷག་མའི་རི་མོ་བ་འདི་བཞི་ཡིས་བོད་ཀྱི་ཉེ་རབས་རི་མོའི་བརྩམས་ཆོས་དང་དེའི་འགྲེམས་སྟོན་གཉིས་ཀ་རི་མོ་བ་རང་ཉིད་ཀྱི་སྟངས་འཛིན་འོག་ཏུ་ཡོང་ཐུབ་པར་འཇུག་རྒྱུ་དང་། གཞན་ཡང་རི་མོ་བ་ཚོས་གཙོ་བོ་སོ་སོའི་འཆར་སྣང་རྣམས་རི་མོའི་རྣམ་པར་མཚོན་ཐུབ་རྒྱུའི་གོ་སྐབས་གསར་བ་ཞིག་བསྐྲུན་རྒྱུའི་འབད་བརྩོན་བྱས། སྐབས་དེར་ཐོག་མའི་རི་མོ་བ་མི་བཞི་ཡི་གྲངས་འབོར་དེ་མགྱོགས་མྱུར་སྒོས་རི་མོ་བ་བཅུ་ལ་འཕེལ་ཞིང་། དེ་དག་ནི། སྤེན་པ་དང་བདེ་སྒྲོན། ཚེ་རིང་རྣམ་རྒྱལ། ཝང་ཧྲི་མིན། ཀྲོང་ཏི། ཀྲང་ཕིན་བཅས་རེད།
༢༠༠༢ ལོའི་ལོ་མཇུག་ཏུ་དགེ་འདུན་ཆོས་འཕེལ་རི་མོའི་ཚོགས་པ་ཞེས་པ་དེ་དངོས་སུ་སྒོ་འབྱེད་བྱས། མཚམས་འདིར་ངའི་སེམས་སུ་རི་མོ་བ་འདི་དག་ནི་རང་གི་གྲོགས་པོ་ཡིན་བསམ་པའི་འདུ་ཤེས་ཞིག་སྐྱེས་ཏེ། དགོང་མོར་རྒྱུན་དུ་ཁོང་ཚོར་ཐུག་ཏུ་ཕྱིན་པ་ཡིན། ཁོང་ཚོས་རི་མོའི་ཚོགས་པ་འདིའི་སྐོར་གླེང་སྐབས། རི་མོའི་ཚོགས་པ་འདི་ནི་བོད་ཀྱི་འཇིག་རྟེན་གྱི་ནང་རོལ་མཐོང་ཐུབ་པའི་སྒེའུ་ཁུང་ཞིག་བརྟོལ་གྱི་ཡོད་པའི་ཚུལ་དུ་གླེང་ཞིང་། འཆར་གཞི་འདིས་ཁོང་ཚོར་བླ་ན་མེད་པའི་ནུས་སྟོབས་ཞིག་བསྐྱེད་ཀྱི་འདུག ཡིན་ནའང་དཀའ་གནད་ཁག་ཅིག་ད་དུང་སེལ་མ་ཐུབ་པར་ལུས་ཡོད། དེ་ནི་ཁོང་ཚོ་ལས་ཁ་ཤས་ཤིག་ལ་མ་གཏོགས་རྒྱུན་ལྡན་གྱི་ཡོང་འབབ་མེད་པར། ཁག་ཅིག་ལ་ཡོང་འབབ་ཉུང་ཉུང་ཙམ་དང་དེ་མིན་གཞན་ཚོར་རྒྱུན་ལྡན་གྱི་ཡོང་འབབ་རྩ་ནས་མེད། རི་མོ་བ་ཚང་མར་ལས་གཞི་འདིའི་ཁོངས་སུ་ཞུགས་རྒྱུའི་འདོད་པ་ཡོད་རུང་། ལས་གཞི་འདིའི་འགྲོ་གྲོན་གྱི་ཆ་ནས་འགན་འཁུར་མཉམ་ལེན་བྱེད་རྒྱུའི་འདོད་པ་ཡོད་མཁན་ནི་ཐོག་མའི་ཆར་རི་མོ་བ་ཉུང་ཤས་ཤིག་ལས་མ་བྱུང་། ཁོང་ཚོ་ཐུན་མོང་གིས་གྲོས་སྡུར་བྱས་པ་བརྒྱུད་རི་མོའི་ཚོགས་པ་འདི་འཛིན་སྐྱོང་བྱེད་སྟངས་ཀྱི་རྩ་འཛིན་ཡིག་ཆ་ཞིག་གཏན་འབེབས་བྱེད་རྒྱུའི་ཐག་གཅོད་བྱས་ཤིང་། རྩ་འཛིན་ཡིག་ཆ་དེའི་མ་ཟིན་འགོད་རྒྱུར་ཁོང་ཚོས་ནུས་ཤུགས་ཆེན་པོ་ཞིག་བཏོན་པ་བརྒྱུད། ད་བར་དུ་འགྱུར་བ་ཁ་ཤས་ཤིག་མ་གཏོགས་རྩ་འཛིན་ཡིག་ཆ་དེ་ད་དུང་ཡང་མུ་མཐུད་ནས་ལག་ལེན་བྱེད་བཞིན་ཡོད་པ་རེད།
ལོ་དེའི་དགུན་ཁར་ཁོང་ཚོས་ཁང་པ་ཞིག་གླས་ཏེ་ཁང་པ་དེའི་ཕྱི་ནང་ལ་བཟོ་བཅོས་བྱེད་འགོ་བརྩམས། ཁང་པ་དེར་སྔར་སི་ཁྲོན་གྱི་ཟ་ཁང་ཞིག་གཉེར་མྱོང་། བཟོ་བཅོས་བྱེད་པར་ཧ་ལས་པའི་དཀའ་ཚེགས་བྱུང་མོད། ཡིན་ནའང་རྗེས་ནས་རི་མོའི་འགྲེམས་སྟོན་ཁང་དངོས་སུ་སྒོ་འབྱེད་སྐབས། ཁང་པ་འདིའི་སྐོར་མི་ཤེས་མཁན་ཞིག་གིས་སྔར་ཁང་པ་འདི་ཅི་ཞིག་ཡིན་པའི་ལོ་རྒྱུས་ལ་ཚོད་དཔགས་བྱེད་ཐུབ་པ་ནི་རྩ་ནས་ཡོང་མི་སྲིད་པ་ཞིག་ཏུ་གྱུར་སོང་། འགྲེམས་སྟོན་ཁང་འདིར་སླེབས་གྲབ་ཡོད་སྐབས། གནའ་བོའི་རྒལ་སྒོ་ཞིག་གི་ནང་ནས། གདོང་པ་ཚོས་གཞི་མུ་མེན་ཅན་ཞིག་གིས་ཧ་ལམ་འཇིག་རྟེན་གཞན་ཞིག་ནས་མིག་ཧུར་རེར་ལྟ་བཞིན་ཡོད་པ་ལྟ་བུ་འདུག་པ་དེ་ཚེ་དབང་བཀྲིས་ཀྱི་རི་མོ་ཞིག་ཡིན་པ་ཤེས། སྒོ་འབྱེད་ཀྱི་ཞོགས་པ་དེར། ང་ཚོ་གྲོང་ཁྱེར་ལྷ་སའི་བོད་ཀྱི་ཉེ་རབས་རི་མོའི་འགྲེམས་སྟོན་ཁང་ཐོག་མ་དེའི་ཁང་པའི་ཐོག་ཁར་འཛེགས་ཏེ། བོད་མི་རྣམས་ཀྱིས་དུས་རབས་མང་པོའི་རིང་ལ་རྒྱུན་འཛིན་བྱས་པའི་མཆོད་པའི་ལུགས་སྲོལ་ཏེ་བསང་ཞེས་པ་དེ་བཏང་པ་ཡིན།
རི་མོའི་འགྲེམས་སྟོན་ཁང་དེའི་སྙན་གྲགས་རིམ་གྱིས་ཆེ་རུ་རྒྱས་སོང་། འགྲེམས་སྟོན་ཁང་འདིའི་རི་མོ་བ་རེ་རེར་གོ་སྐབས་གསར་བ་རེ་ཐོབ་པར་གྱུར་ལ། ༢༠༠༣ ལོར། དགའ་བདེ་ནི་སི་ཀོ་ཊི་ལན་ཌུ་ (Scotland) ཞེས་པ་དེར་སོང་སྟེ། དེར་ “ལས་ཤག་ཏུ་རི་མོ་བ་གདན་ཞུ”ཟེར་བའི་ལས་རིམ་ཞིག་ཏུ་ཟླ་བ་གཅིག་གི་རིང་ལ་ཞུགས། སྐབས་དེར་ཁོང་གིས་གཟུགས་རྒྱན་དང་མཚོན་དོན་རིག་པ། རི་མོའི་མི་སྣ། དར་སྲོལ་ཆེ་བའི་རིག་གནས་ཀྱི་མཚོན་དོན་ལ་སོགས་སྲོལ་རྒྱུན་ཆོས་ལུགས་ཀྱི་རི་མོའི་འབྲི་སྲོལ་ལས་མཆེད་པའི་རྣམ་པ་ཞིག་གི་ཐོག་ནས་འབྲི་བར་ཚོད་ལྟ་བྱེད་བཞིན་པའི་སྒང་རེད། ཁོང་ས་ཆ་དེར་སྡོད་པའི་རིང་ལ་ཁོང་གི་རི་མོ་ཁག་ལས་“མཉམ་འཛོམས་འདྲ་པར” (group photo) ཟེར་བའི་རི་མོ་དེའི་ཐོག་ལ་ལས་ཀ་བྱས་པ། དེ་ནི་སྟོན་པའི་དབུ་ཡི་མཐའ་འཁོར་དུ་མིའི་གཟུགས་རིས་དང་དེ་མིན་གྱི་རྟགས་མཚན་སྣ་ཚོགས་ཏེ། རོ་ནཱལ་ཌི་ མཱག་ཌོ་ནལ་ཌི་ (Ronald McDonald)། མིས་ཁེས་ མའོ་སི་ (Mickey Mouse) དམར་སྲུང་དམག པེ་ཅིན་ཟློས་གར་གྱི་གླུ་གཞས་ལེན་མཁན་ཞིག་དང་། གཞན་ཡང་བོད་ཀྱི་སྲོལ་རྒྱུན་རི་མོ་ལས་རྟགས་དང་མཚན་མ་འདྲ་མིན་སྣ་ཚོགས་ཀྱིས་མཐའ་བསྐོར་ཏེ་བྲིས་པའི་མུ་འབྲེལ་རི་མོ་ཞིག་རེད།
ཉིན་ཞིག་ཁོང་གིས་ང་ལ་ཁ་པར་བཏང་སྟེ། “ང་འདིར་ག་རེ་བྱེད་ཀྱི་ཡོད་མེད་ངས་ཀྱང་གསལ་བོ་ཞིག་ཤེས་ཀྱི་མི་འདུག ངའི་བསམ་པར་གནས་འདིའི་མི་ཚོས་མི་གཞན་པ་ཚོ་ནང་བཞིན་ང་ལ་གོ་ཤེས་བྱེད་ཐུབ་ཀྱི་མི་འདུག” ཅེས་ཟེར། ངས་ “ག་རེ་བྱས་སོང་།” ཞེས་དྲིས་པར། ཁོང་གིས་དེའི་ལན་དུ་ “ང་འདིར་སྡོད་པའི་རིང་ལ། ངས་ཁོང་ཚོར་ངའི་ ‘མཉམ་འཛོམས་འདྲ་དཔར’ ཞེས་པ་དེ་བསྟན་པ་ཡིན། ངས་དེའི་ཐོག་ཏུ་ མཱ་ཁི་ཌོ་ནལ་ཌི་ ཟ་ཁང་གི་ལས་རྟགས་ཞིག་བྲིས་ཡོད་པ་དེར་བལྟས་ནས། “ཨ་ལེ། ཡག་པོ་འདུག བྱས་ན་ཁྱེད་རང་གིས་དངོས་གནས་སྟབས་བདེའི་ཁ་ལག་ལ་ (ཟ་མ་) ངོ་རྒོལ་བྱེད་ཀྱི་འདུག དེ་དངོས་གནས་ཡག་པོ་རེད་ཅེས་ལབ་སོང་།” ཟེར། དེ་ནས་ཁོང་གིས་མུ་མཐུད་དུ། “ངས་ཁོང་ཚོར་བལྟས་ཏེ། ‘ངོ་རྒོལ་ཟེར་གྱི་ཡོད་དམ། དེ་འདྲ་མ་རེད། ང་ནི་ཧཱམ་སྦུར་གཱིར་ཟ་རྒྱུར་དགའ་པོ་ཡོད’ ཅེས་ངའི་གོ་བརྡ་འཕྲོད་མི་འཕྲོད་ཀྱི་དབྱིན་སྐད་ཀྱི་ཐོག་ནས་དེ་ལྟར་ལབ་པ་ཡིན།” ཟེར།
དེ་ནི་དངོས་གནས་དགོད་བྲོ་བ་རང་རེད། རྒྱུ་མཚན་ནི་ངས་ཀྱང་ཁོང་གིས་ཟ་ཁང་དེའི་ལས་རྟགས་ནི་སྐྱོན་བཤད་ཅིག་གི་ངོ་བོའི་ཐོག་ནས་བྲིས་པ་རེད་བསམ་ཡོད། ཡིན་ནའང་དོན་ངོ་མར་དེ་ལས་ལྡོག་སྟེ། ཟ་ཁང་དེའི་ལས་རྟགས་འབྲི་དོན་ནི། ལས་རྟགས་དེ་ཁོང་གི་འཇིག་རྟེན་གྱི་ཆ་ཤས་ཤིག་ཏུ་གྲུབ་ཡོད་པ་མཚོན་པའི་ཆེད་དུ་རེད་འདུག
སྐབས་དེར་དགའ་བདེའི་རི་མོ་རུ་རྟགས་དང་མཚན་མ་མང་པོ་ཞིག་བསྲེས་ཏེ། དེའི་ཐོག་ནས་མཚོན་དོན་ཞིག་སྟོན་པ་དེས་མཚམས་མཚམས་ལ་མགོ་རྨོངས་སུ་འཇུག་ནའང་། ད་ལྟ་ཁོང་གི་རི་མོ་ལ་བལྟ་སྐབས། ངས་ལོ་བདུན་གྱི་གོང་ལ་དགེ་འདུན་ཆོས་འཕེལ་རི་མོའི་ཚོགས་པ་སྒོ་འབྱེད་ཀྱི་ཉིན་མོ་དེར། གནའ་བོའི་སྒོ་དམར་དེ་ལས་ཅི་ཞིག་མཐོང་བ་དེའི་གོ་དོན་རྟོགས་ཐུབ་པར་འགྱུར། དེང་སྐབས་འཇིག་རྟེན་རིལ་མོ་འདིའི་གྲུ་ཟུར་ཕལ་ཆེ་བར་བྱ་དངོས་གཉིས་ཀྱི་བར་ཁྱད་ཆེན་པོའི་དཔེ་མཚོན་དུ། འོད་རླངས་གློག་བཞུ་ལས་གྲུབ་པའི་རྟགས་དང་ཆོས་ལུགས་ཀྱི་ལྡེབས་རིས། གནའ་བོའི་ཁང་རྙིང་དང་སྟབས་བདེའི་ཁ་ལག་བཅས་ཀྱི་ཁྱད་པར་ལས་ཆེན་པོ་ཅི་ཡང་མེད་པ་ལྟ་བུ་ཞིག་ཏུ་སྣང་མོད། ཡིན་ནའང་བོད་དུ་འདི་དག་ནི་དུས་མཉམ་གཅིག་ཏུ་ཕན་ཚུན་མཉམ་གཤིབ་ཏུ་གནས་ཡོད། བོད་དུ་ཆོས་ཀྱི་གར་འཆམ་ནི་འཇིག་རྟེན་འདི་སྣང་གི་ཆོས་མིན་གྱི་མཐའ་རུ་ལྷུང་ཡོད་ལ། དེ་ནི་གནའ་ནས་ད་བར་དུ་འདི་ལྟར་ཡིན། ༢༠༠༠ ལོར་དགའ་བདེ་ཡིས་ཀུན་ཕན་ཐེབས་རྩ་ཚོགས་པར་སྙན་ཞུ་བཏང་སྟེ། ཁོང་ཉིད་རྒྱལ་སྤྱིའི་རིག་གཞུང་མཉམ་ལས་ཀྱི་ལས་གཞི་དེར་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་གི་ནང་དུ་འདི་ལྟར་བྲིས་ཡོད།
ང་བོད་དུ་སྐྱེས་པ་དེར་ངས་རྟག་པར་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ང་ནི་བོད་ཀྱི་མཐོན་པོའི་རི་ཚོགས་དང་ཡང་ན་གཙང་ཆབ་རིང་མོ། ཡང་ན་མི་ཚོགས་ཀྱིས་ཁེངས་པའི་སྐོར་ལམ། ཡང་ན་རླུང་རྟའི་ཕྲ་རྒྱན་བཏབས་པའི་མ་ཎི་རྡོ་འབུམ་གྱི་འགྲམ་བཅས་གནས་གང་དུ་ཡོད་རུང་། ལྷག་པར་དུ་ལོ་ངོ་སྟོང་ཕྲག་མང་པོའི་ཆར་རླུང་དང་འགྲོགས་ཏེ། ད་ལྟ་ཕྲ་ཐིག་དང་གས་སྲུབ་ཤོར་བའི་ལྡེབས་རིས་དེ་དག་གི་གི་མདུན་དུ་འགྲེང་བའི་སྐབས་སུ། ངའི་སེམས་སུ་སྨྲ་བརྗོད་ལས་འདས་པའི་བློ་སྟོབས་ཞིག་གིས་ནམ་ཡང་ཁེངས་པར་འགྱུར།
གལ་སྲིད་བོད་ཀྱི་དགོན་པ་ཁག་གི་ལྡེབས་རིས་ཆ་ཚང་ཕྱོགས་གཅིག་ཏུ་སྤུངས་ཚེ། དེ་དག་ཤོངས་སའི་འགྲེམས་སྟོན་ཁང་ཞིག་འཛམ་གླིང་ཁྱོན་འདིར་ཡོད་མི་སྲིད་ལ། ངོ་མཚར་སྟོང་གིས་ཕྱུག་ཅིང་མཚར་སྡུག་གི་འོད་མདངས་འཕྲོ་བའི་ལྡེབས་རིས་འདི་དག་ནི་ང་ཚོའི་སྔོན་རབས་ཀྱི་རི་མོ་བ་མེས་པོ་དམ་པོ་རྣམས་ཀྱི་བླ་ན་མེད་པའི་ཆོད་སེམས་ལ་བརྟེན་ནས། ཧ་ཅང་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་ཏུ་བཞེངས་པའི་བརྩམས་ཆོས་ཤ་སྟག་རེད། དེ་དང་ཆབས་ཅིག་ཏུ། སྔོན་རབས་མེས་པོ་དམ་པ་རྣམས་ཀྱིས་བརྩམས་ཆོས་འདི་དག་བརྒྱུད་དེ། ཞི་བདེའི་ལོངས་སྤྱོད་དང་སེམས་ཀྱི་བདེ་སྐྱིད་ཀྱི་དཔལ་ཅི་ཙམ་ལ་རོལ་ཐུབཡོད་པ་རེད་ཨང་། ང་རང་ཉིད་ཀྱང་ཁོང་ཚོའི་སྲོལ་རྒྱུན་འདི་མུ་མཐུད་ནས་རྒྱུན་འཛིན་བྱེད་མཁན་ཞིག་ཏུ་འགྱུར་རྒྱུ་ནི་ངའི་སེམས་ཁོངས་ཀྱི་རེ་འདུན་ཡིན་ཞེས་བྲིས་ཡོད།
ངས་ཤེས་གསལ་ལྟར་ན། ད་སྐབས་དགའ་བདེ་ཁོ་ན་ཙམ་མིན་པར། དགེ་འདུན་ཆོས་འཕེལ་རི་མོའི་ཚོགས་པའི་རི་མོ་བ་ཉི་ཤུ་རྩ་བདུན་ཚང་མས་བོད་ཀྱི་ཕུན་སུམ་ཚོགས་པའི་རི་མོའི་སྒྱུ་རྩལ་གྱི་ཤུལ་བཞག་འདི་ཉིད་མ་འོངས་པར་གོང་ནས་གོང་དུ་སྤེལ་བའི་ལམ་དུ་ཕྱོགས་ཡོད།