You are here

ས་གནས་དང་འཛམ་གླིང་བར་ནས་སྲོལ་རྒྱུན་རིག་གནས་གཉོར་སྐྱོང་བྱེད་པ།

༢༠༠༩ལོའི་སྤྱི་ཟླ་༩ཚེས་༧ནས་ཚེས་༡༡བར་འབྲུག་གི་རྒྱལ་ས་ཐིམ་ཕུ་ལ་ཚོགས་པའི་རྒྱལ་སྤྱིའི་ཨེ་ཤེ་ཡའི་སྲོལ་རྒྱུན་གསོ་རིག་ཞིབ་འཇུག་མཐུན་ཚོགས་ཀྱི་སྐབས་བདུན་པའི་ལྷན་ཚོགས་ཐོག་གི་དྲན་འཆར།

གསོ་རིག་མི་རིགས་རིག་པའི་མཁས་དབང་ཆར་ཟིལ་ལེགས་ལས་མཆོག་དང་། ལོ་རྒྱུས་མཁས་དབང་ཨ་ཐར་ལུགས་དབུས་གླིང་(A.L.)དཔའ་བྱམས་རྣམ་གཉིས་ཀྱིས་སྤྱི་ལོ་༡༩༧༩ལོར་གསར་འཛུགས་གནང་བའི་རྒྱལ་སྤྱིའི་ཨེ་ཤ་ཡའི་སྲོལ་རྒྱུན་གསོ་རིག་ཞིབ་འཇུག་མཐུན་ཚོགས་(IASTAM)ཀྱིས། ཨེ་ཤ་ཡའི་གསོ་རིག་སྲོལ་རྒྱུན་ཞིབ་འཇུག་པ་དང་ཉམས་ལེན་པ་ཁག་ཕན་ཚུན་བར་བགྲོ་གླེང་གནང་དུ་འཇུག་པའི་ཐུན་མོང་མ་ཡིན་པའི་དམིགས་འདུན་ཞིག་མཚོན་གྱི་ཡོད། སྒྲིག་འཛུགས་འདིའི་དམིགས་ཡུལ་ནི་གྲུབ་མཐའ་སྣ་ཚོགས་ནས་འཕེལ་རྒྱས་བྱུང་བའི་ཨེ་ཤ་ཡའི་གསོ་རིག་གི་རིག་གནས་ཞིབ་འཇུག་དང་རིག་གནས་ཕན་ཚུན་འབྲེལ་འདྲིས་བྱེད་པའི་བྱ་གཞག་དར་སྤེལ་དུ་གཏོང་རྒྱུ་དེ་ཡིན་ཞིང་། འདི་ཡང་བྱ་སྤྱོད་དང་ལག་ལེན་གྱི་ཐོག་ཏུ་བསམ་འཆར་དང་མཚམས་ལ་ལར་ངོས་ལེན་བྱེད་དཀའ་བའི་རྫོགས་མེད་ཀྱི་སྐྱོན་བརྗོད་ཡོང་བ་ཁག་ལ་གུས་བརྩི་བྱེད་པ་མ་ཟད་དང་ལེན་ཡང་བྱེད་པའི་སྒོ་ནས་སྒྲུབ་དགོས་པ་ཡིན། IASTAMཡི་འདས་པའི་ལྷན་ཚོགས་ཁག་ཁན་བྷེ་ར་(༡༩༧༩)དང་བྷོམ་བྷེ(༡༩༩༠)། ཨོ་སི་ཋིན་(༢༠༠༦)ལྟ་བུ་ས་གནས་འདྲ་མིན་དུ་ཚོགས་ན་ཡང་། ལྷན་ཚོགས་འདི་ན་ནིང་ལོ་བར་དུ་ཧི་མ་ལ་ཡའི་རྒྱལ་ཁབ་ཅིག་ཏུ་ཚོགས་མྱོང་མེད། དེ་དང་མཚུངས་པར་འདས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཁག་གི་སྐབས་སུ་ཚོགས་ཞུགས་པའི་ཆེད་རྩོམ་ཁག་གི་ནང་དུ་མཚམས་ལ་ལར་བོད་ཀྱི་གསོ་རིག་དེ་དཔྱད་གཞིར་བཟུང་བ་རེ་ཟུང་ཡོད་པ་ལས། སྒྲིག་འཛུགས་ཀྱི་ལོ་རྒྱུས་ཀྱི་ནང་དུ་བོད་ཀྱི་གསོ་རིག་དང་བོད་དང་ཧི་མ་ལ་ཡའི་དཔལ་ཡོན་དང་འབྲེལ་བའི་མཁས་པ་དང་ཉམས་ལེན་པའི་ལྟ་བ་རྒྱ་ཆེར་སྤེལ་མྱོང་མེད། ན་ནིང་ལོར་IASTAMཡི་སྐབས་བདུན་པའི་ལྷན་ཚོགས་དེ་འབྲུག་ཡུལ་གྱི་ཐིམ་ཕུག་ཏུ་ཚོགས་པ་དང་ཆབས་ཅིག་དོན་དངོས་འདི་ཡོངས་སུ་བསྒྱུར་པ་རེད། འདི་ནི་ཧི་མ་ལ་ཡའི་རྒྱལ་ཁམས་འདི་རུ་ཚོགས་པའི་མིག་སྔར་བར་དུ་ཆེས་ཆེ་བའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་ཡིན་པ་མ་ཟད། འདི་ནི་མགྲོན་བདག་རྒྱལ་ཁབ་འབྲུག་ཡུལ་དུ་”དམ་ཆོས་གསོ་རིག”ཏུ་གྲགས་ཤིང་། ཨེ་ཤ་ཡའི་མཐོ་སྒང་དང་དེ་ལས་བརྒལ་བའི་ཡུལ་གྲུ་ཁག་ཏུ་རྣམ་པ་སྣ་ཚོགས་པའི་ཐོག་ནས་ལག་ལེན་དང་ཞིབ་འཇུག་བྱས་པའི་གསོ་བ་རིག་པ་སྟེ། “འགྲོ་བ་ནད་ལས་གསོ་བའི་རིག་པ”ཆེན་པོ་འདིའི་མཁས་དབང་དང་ཉམས་ལེན་པ་རྣམས་IASTAMཡིས་མཁན་འདྲེན་བྱས་ཏེ་ཁོང་ཚོའི་གསུང་སྒྲོག་ཏུ་བཅུག་པའང་ཐེངས་དང་པོ་ཡིན། མི་གྲངས་༢༠༠ལྷག་ཚོགས་ཞུགས་གནང་བའི་ལྷན་ཚོགས་འདི་ནི་འབྲུག་གཞུང་འཕྲོད་བསྟེན་ལྷན་ཁང་གི་སྲོལ་རྒྱུན་གསོ་རིག་ཞབས་ཞུའི་གླིང་གིས་མགྲོན་བསུ་བྱས་ཤིང་འབྲུག་གི་རྒྱལ་སའི་ནུབ་མཐའ་རུ་ཡོད་པའི་རྒྱལ་གཞུང་དོ་དམ་གླིང་(RIM)དུ་ཚོགས་པ་རེད། མཛད་སྒོ་འདིའི་སྐོར་འབྲུག་གི་ཚགས་པར་ཆེ་ཁག་ཚང་མས་བཀོད་པ་མ་ཟད་ས་ཁུལ་གྱི་བརྙན་འཕྲིན་དང་རླུང་འཕྲིན་གྱི་ནང་དུའང་བཏང་།

ལྷན་ཚོགས་དེས་བོད་དང་ཧི་མ་ལ་ཡ། དེ་བཞིན་ཨེ་ཤ་ཡ་ཤར་མ་དང་ལྷོ་མ་བཅས་ཀྱི་གསོ་རིག་གཞུང་ལུགས་ཀྱི་མཁས་དབང་དང་ཉམས་ལེན་པ་རྣམས་ལྷན་ཅིག་ཏུ་བསྡུས་པ་མ་ཟད། སྤྱི་ཚོགས་ཁེ་ལས་པ་དང་གཞུང་ཞབས་པ། ཨེ་ཤ་ཡ་ནས་ཐོན་པའི་གསོ་རིག་ཐོན་རྫས་ཉོ་འཚོང་བྱེད་བཞིན་པའི་འཛམ་གླིང་ཚོང་ལས་སྡེ་ཁག་ཁག་གི་སྐུ་ཚབ་བཅས་ཀྱང་མཉམ་དུ་བསྡུས་ཡོད། འབྲུག་གི་སྲོལ་རྒྱུན་གསོ་རིག་སློབ་གླིང་གི་སློབ་མ་སོགས་ས་གནས་སློབ་མ་ཁག་ཚུད་པའི་ཨེ་ཤ་ཡའི་གསོ་རིག་སློབ་མ་རྣམས་ཚོགས་འདུར་ཕེབས་ཏེ་བྱེད་སྒོར་ཞུགས་ཡོད། རྒྱལ་སྤྱིའི་འདུ་འཛོམས་འདི་འབྲུག་གི་སློབ་མ་(རྒྱལ་གཞུང་སློེབ་ཆེན་གྱི་སྐད་ཡིག་དང་རིག་གནས་སྡེ་ཚན་གྱི་སློབ་མ་ལྟ་བུ)རྣམས་ལ་མཚོན་ན་འཛམ་གླིང་རིམ་པའི་མཁས་དབང་དང་ཆེད་ལས་པའི་ཕྱག་རྩོམ་སྒྲོག་སྦྱང་བྱས་པ་མཐོང་བའི་གོ་སྐབས་ཤིག་ཀྱང་རེད། ལྟ་བ་འདྲ་མིན་འདུས་པ་འདིས་ལྷན་ཚོགས་ཀྱི་བརྗོད་གཞི་སྟེ། “ས་གནས་དང་འཛམ་གླིང་བར་ནས་སྲོལ་རྒྱུན་རིག་གནས་གཉོར་སྐྱོང་བྱེད་པ།” ཞེས་པ་འདི་མངོན་པར་མཚོན་ཡོད། ཐིག་ཕུག་ཏུ་ཚོགས་པའི་ཉིན་ལྔའི་རིང་གི་འདུ་འཛོམས་འདིའི་སྟེང་དུ་མཁས་དབང་དང་ཚན་རིག་པ་ཁག སྲིད་ཇུས་བཟོ་མཁན་དང་ཉམས་ལེན་པ་བཅས་ཀྱི་བར་དུ་ཐུན་མོང་མ་ཡིན་ལ་གསར་གཏོད་ཀྱི་རང་བཞིན་ལྡན་པའི་བགྲོ་གླེང་མང་བོ་བྱུང་ཡོད། འདས་པའི་ལྷན་ཚོགས་ཁག་དང་བསྡུར་ཚེ། ད་ཐེངས་ཀྱི་ལྷན་ཚོགས་ནང་དུ་ལོ་རྒྱུས་དང་མི་རིགས་རིག་པ། ཁྲིམས་ལུགས་དང་ཆོས་ལུགས། མཛེས་རྩལ་ལོ་རྒྱུས་དང་ཕོ་མོའི་ཞིབ་འཇུག ཨེ་ཤ་ཡའི་གསོ་རིག་སྨན་བཅོས་དང་སྐྱེ་དངོས་གསོ་རིག་སྨན་བཅོས་སོགས་ནང་དོན་ཕུན་སུམ་ཚོགས་པ་དང་དུས་ཚོད་བཀོད་སྒྲིག་ལེགས་པ་བཅས་ཡར་རྒྱས་མངོན་གསལ་དོད་པོ་བྱུང་འདུག

བོད་རིག་པ་ཞིབ་འཇུག་གི་ལྟ་སྟངས་ཀྱི་ཐོག་ནས་བལྟས་པ་ཡིན་ན་ཆེས་མངོན་པར་འཕགས་པ་ནི་ཡོངས་རྫོགས་བོད་སྐད་ཐོག་ནས་བྱས་པའི་ཚོ་ཆུང་བགྲོ་གླེང་ཁག་ཡིན་ཞིང་། ཚོ་ཆུང་བགྲོ་གླེང་འདི་དག་གིས་ལག་ལེན་དང་གཞུང་ལུགས་ཞིབ་འཇུག་ཐད་ཀྱི་གནད་དོན་ཐོག་ཏུ་བློ་རྩེ་གཏད་ཡོད་ལ། འདི་དག་གི་ནང་དུ་བོན་གྱི་གསོ་རིག་ཐོག་ཏུ་བློ་རྩེ་གཏད་པའི་ཚོ་ཆུང་ཆེན་པོ་ཞིག་དང་། བོད་ཀྱི་འདུ་ཤེས་ལྟར་དུ་ཆོས་ལུགས་ཆོ་གའི་བཅོས་ཐབས་དང་གཞུང་ལུགས་ལག་ལེན་བར་གྱི་འབྲེལ་བའི་ཐོག་བློ་རྩེ་གཏད་ཡོད་པའི་ཚོ་ཆུང་གཉིས་ཚུད་ཡོད། བོད་རིག་པ་ཞིབ་འཇུག་གི་ལྟ་ཚུལ་དེ་རྒྱུན་རིང་གི་ལག་ལེན་དང་གསོ་རིག་སྣེ་མང་ཅན། དེ་བཞིན་སྤྱི་པའི་འཕྲོད་བསྟེན་སོགས་བརྗོད་གཞི་དང་འབྲེལ་བའི་ཚོ་ཆུང་བགྲོ་གླེང་གི་ནང་དུ་ལྷག་པར་ཤུགས་རྐྱེན་ཆེ་ལ། ཡང་མཁས་དབང་སྐོར་ཞིག་གིས་རྒྱའི་རིག་གནས་དང་དཔལ་ཡོན་གྱི་ལྡོག་ཕྱོགས་ཀྱི་སྣེ་གཉིས་སུ་ཡོད་པའི་ཨ་མདོ་དང་ཁོ་རེ་ཡའི་གསོ་རིག་གཉིས་བར་གཤིབ་བསྡུར་བགྲོ་གླེང་གནང་ཡོད། ཚོ་ཆུང་བགྲོ་གླེང་ཞིག་ཨེ་ཤ་ཡའི་ཡུལ་གྲུ་སོ་སོའི་གསོ་རིག་དང་སྨན་བཅོས་ནང་གི་བུད་མེད་དང་ཕོ་མོའི་གནད་དོན་སྐོར་ཡིན་ལ། འདིའི་ནང་དུ་བོད་ཀྱི་བུད་མེད་ཉམས་ལེན་པའི་བྱས་རྗེས་དང་བོད་ཀྱི་བུད་མེད་ཀྱི་འཕྲོད་དང་འབྲེལ་བའི་བརྗོད་གཞི་བཅས་ཚུད་ཡོད། བསྟན་གཉིས་དགུ་སློབ་དང་ངེད་གཉིས་ཀྱིས་བོད་དང་ཧི་མ་ལ་ཡའི་སྨན་རྩྭ་གཅེས་སྲུང་དང་གཉོར་སྐྱོང་།

སྨན་རྩྭ་ཚོང་ལས་ཅན་དུ་བསྒྱུར་བ་བཅས་ཀྱི་བརྗོད་གཞི་ཁག་གི་ཐོག་ཚོ་ཆུང་བགྲོ་གླེང་ཆེན་པོ་ཞིག་བསྡུ་སྐོང་བྱས་པ་ཡིན་ལ། བརྗོད་གཞི་འདི་དག་ནི་བོད་སྨན་ཉམས་ལེན་པ་དང་ཐོན་སྐྱེད་པ། མི་རིགས་རིག་པ་དང་ཁྲིམས་ལུགས་རིག་པ། སྤྱི་ཚོགས་ཁེ་ལས་བཅས་ཀྱི་ལྟ་ཚུལ་ལས་ཕྱོགས་བསྡུས་བྱས་པ་ཞིག་ཡིན། རྒྱལ་ཁབ་འདྲ་མིན་ནང་(གཙོ་བོ་བལ་ཡུལ་དང་ཀྲུང་གོའི་བོད་ཁུལ)གི་བོད་ཀྱི་གསོ་རིག་ཉམས་ལེན་པ་ཚོ་དང་ལྷན་དུ་ལོ་ངོ་བཅུ་ལྷག་གི་རིང་མཉམ་འབྲེལ་བྱས་མྱོང་མཁན་ཞིག་ལ་མཚོན་ན། ད་ལྟའི་དུས་ཀྱི་བོད་ཀྱི་གསོ་རིག་གི་འགྱུར་འགྲོས་ལ་གཞིགས་ཚེ་ད་ཐེངས་ཀྱི་ཚོགས་འདུ་འདི་དམིགས་བསལ་དུ་གལ་ཆེ་བ་ཡིན། དེང་སང་བོད་ཀྱི་གསོ་རིག་གིས་རྣམ་པ་སྣ་ཚོགས་ཤིང་མཚམས་ལ་ལར་ནང་འགལ་ཡིན་པའི་གནད་དོན་མཚོན་གྱི་ཡོད་ལ། བོད་ཀྱི་གསོ་རིག་དེས་བོད་མི་མ་ཡིན་པའི་འཛད་སྤྱོད་པ་འགུག་ཆེད་ཉིན་གཅིག་བོད་སྨན་དེ་ངེས་པར་དུ་རྒྱལ་སྤྱིའི་སྐྱེ་དངོས་གསོ་རིག་གི་ཚད་གཞིའི་ཐོག་ནས་ནུས་ལྡན་དང་བདེ་འཇགས་ཡིན་པ་ར་སྤྲོད་བྱེད་དགོས། གསོ་བ་རིག་པས་རང་ཉིད་རིག་གནས་ཀྱི་ཐོག་ནས་ཁུངས་ལྡན་ཡིན་པ་དང་མཚམས་ལ་ལར་བོད་བརྒྱུད་ནང་བསྟན་དང་ཐད་ཀར་འབྲེལ་བ་ཡོད་པ་ར་སྤྲོད་བྱེད་པ་དང་ཆབས་ཅིག ཡང་སྐབས་ལ་ལར་དེས་རང་ཉིད་ཀྱི་འབྱུང་ཁུངས་དང་སྐྱེ་དངོས་གསོ་རིག་ནས་དར་བའི་ཚན་རིག་གཞུང་ལུགས་ནང་ཁུལ་གྱི་གསར་གཏོད་ཡིན་པ་ར་སྤྲོད་བྱེད་དགོས། བོད་ཀྱི་གསོ་རིག་ལ་བོད་ཀྱི་སྤྱི་ཚོགས་སྤྱི་དང་། མཚམས་ལ་ལར་འཕྲོད་བསྟེན་བདེ་སྲུང་གིས་མི་འདང་ལ་སྐྱེ་དངོས་སྨན་བཅོས་ཀྱང་མེད་པའི་མི་སྡེའི་ནད་ན་ཚ་བཅོས་པའི་ནུས་པའང་ངེས་པར་དུ་ཡོད་དགོས། དེ་ལྟ་ནའང་། གསོ་རིག་སྨན་བཅོས་འདི་དག་གིས་འཕྲོད་བསྟེན་དང་བདེ་ཐང་སྲུང་སྐྱོབ་ཐད་གདམ་ཀ་ཡོད་པའི་བོད་མི་མ་ཡིན་པའི་སྤྱི་ཚོགས་ཁྲོད་དུ་ཁྲོམ་ར་ཇེ་ཆེ་ནས་ཇེ་ཆ་ཟིན་གྱི་ཡོད། བོད་ཀྱི་གསོ་རིག་ཁྲིད་སྤེལ་དང་ལག་ལེན་བྱེད་མཁན་ཚོས་སྦྱོང་ཐབས་གསར་པ་དང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆོག་མཆན་དང་དཔང་རྟགས་ལེན་པ་བཅས་ལ་དོ་སྣང་བྱེད་དགོས་པ་མ་ཟད། སྲོལ་རྒྱུན་གྱི་ལག་ལེན་དང་ཤེས་བྱའི་ཐབས་ལམ་བརྒྱུད་སྤེལ་ཐད་འབད་བརྩོན་དང་མཚམས་ལ་ལར་གསར་གཏོད་བྱེད་པ་དང་ཆབས་ཅིག འཕྲོད་བསྟེན་དང་རིམས་ནད་ཐད་ཀྱི་སྐྱེ་དངོས་གསོ་རིག་གི་གོ་རྟོགས་ལོན་པར་ཡང་དོ་སྣང་བྱེད་དགོས། རྒྱུ་མཚན་འདི་དང་འདྲ་བའི་དབང་གིས་བཀུར་བར་འོས་པའི་སྡེ་ཁག་འདྲ་མིན་ནས་ཕེབས་པའི་གསོ་བ་རིག་པ་ཉམས་ལེན་པ་ཚོ་ལྷན་ཅིག་ཏུ་འདུས་ཏེ། གཅིག་གིས་གཅིག་ནས་སྦྱོང་བ་དང་ཁོང་ཚོའི་ཕྱག་ལས་ཐད་གླེང་མོལ་བྱེད་པའི་སྐལ་བ་ལྡན་པ་ནི་དངོས་གནས་རིན་ཐང་བྲལ་བའི་བྱ་བ་ཞིག་རེད། ཕུལ་དུ་བྱུང་བའི་ཚོ་ཆུང་འདི་དག་གི་ནང་དུ་ཞུགས་པའི་མི་མང་བོ་ཞིག་ནི་ཀྲུང་གོ་དང་བལ་ཡུལ། རྒྱ་གར་དང་འབྲུག་ཡུལ་བཅས་ནས་ཕེབས་པ་ཡིན་ཞིང་། སྦྱིན་བདག་གཞན་པ་ཚོ་དང་འདྲ་བར་ཀུན་ཕན་ཐེབས་རྩ་ཚོགས་པའི་གཏོང་ཕོད་ལྡན་པའི་རྒྱབ་སྐྱོར་མེད་ན་བྱ་གཞག་འདི་འགྲུབ་ཐབས་བྲལ་བ་ཞིག་ཡིན་པ་ཐུགས་ལ་ངེས་རྒྱུ་གལ་ཆེ། ཐིམ་ཕུག་གི་ཉི་མ་རེ་རེ་མྱུར་ཞིང་ཕྱིར་དྲན་གྱི་རིན་ཐང་ལྡན་པའི་སྒོ་ནས་ཕྱིན་སོང་། ད་དུང་ཡང་སྤ་རོ་གནམ་གྲུ་ཐང་དུ་འཕུར་སྐབས་ཀྱི་ཚོར་སྣང་ཏེ། ཆར་དུས་ཀྱི་ཆར་བས་བརླན་པའི་ལྗང་མདོག་གི་རི་བོའི་ཕྲེང་བ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་རི་འདབས་སུ་ཡོད་པའི་འབབ་ཐང་དུ་འབབ་པའི་གློ་བུར་བའི་དཀྱོག་ལམ་བཅས་བདག་གི་སེམས་སུ་ཝ་ལེར་བཀྲ། གནམ་གྲུ་དང་གྲོས་ཚོགས་ཁང་ནང་གི་སྐད་རིགས་འདྲ་མིན་ཐོག་བཤད་པའི་འུར་ཅོར་ཡང་བདག་གི་རྣ་བར་ད་དུང་ཡང་གྲག་བཞིན་གདའ། དངོས་གཞིའི་ཚོ་ཆུང་བགྲོ་གླེང་དང་གྲོས་བསྡུར་གྱི་སྐབས་དང་། ཚོགས་ཞུགས་མཁན་ཚོ་རྒྱལ་ཡོངས་དོ་དམ་གླིང་གི་ཡིད་དུ་འོང་བའི་ར་སྐོར་གྱི་ནང་དུ་ཨེ་མ་དར་ཚིལ་དང་མངར་ཇ་ལ་རོལ་བཞིན་པའི་སྐབས་སུ། བོད་སྐད་དང་རྒྱ་སྐད། བལ་སྐད་དང་ཧིན་སྐད། དེ་བཞིན་དབྱིན་སྐད་བཅས་ཀྱི་ནང་དུའམ་ཡང་ན་སྐད་འདི་དག་མཉམ་བསྲེས་ཀྱི་སྒོ་ནས་གལ་ཆེ་བའི་འབྲེལ་ལམ་མང་བོ་བཙུགས་པ་རེད་ལ་རིན་ཐང་བྲལ་བའི་གནས་ཚུལ་མང་བོ་ཡང་བརྗེ་རེས་བྱས་པ་རེད།

བདག་ལ་མཚོན་ན་འགྲུལ་བཞུད་དེའི་སྐབས་ཀྱི་དོན་དག་གལ་ཆེན་གཞན་ཞིག་ནི། བདག་དང་གྲོགས་པོ་སྐོར་ཞིག་གིས་ཚོ་ཆུང་བགྲོ་གླེང་གི་འགོ་མ་བཙུགས་གོང་གི་ཉིན་དེར་རྐང་འགྲུལ་ཐུང་ཐུང་ཞིག་བྱས་པ་དེ་ཡིན། དེ་ཡང་ང་ཚོ་མཚན་སྙན་གྲགས་ལྡན་ཞིང་བྲག་སྐྱིབས་སུ་བཞེངས་པའི་སྟག་ཚང་དགོན་པར་རྐང་ཐང་དུ་སོང་བ་ཡིན། སྟག་ཚང་དགོན་པ་ནི་སྤ་རོའི་གོང་དུ་ཡོད་ཅིང་སྤྱི་ལོའི་དུས་རབས་༨པར་གུ་རུ་རིན་པོ་ཆེས་ས་འདི་རུ་སྟག་མོའི་སྒལ་བར་ཞོན་ཏེ་འཕུར་བའི་རྐྱེན་གྱིས་མཚན་སྙན་རྒྱས་པར་གྲགས། ཕྱི་དྲོ་དེའི་གནས་མཇལ་པའི་གྲས་སུ་བལ་ཡུལ་སྨོན་ཐང་ནས་ཡིན་པའི་བདག་གི་ལོ་མང་གི་སྨན་པ་གྲོགས་པོ་དང་ཀྲུང་གོའི་ནང་གི་ཆེས་ཆེ་བའི་བོད་ཀྱི་གསོ་རིག་གི་སྡེ་ཁག་གི་འགན་འཛིན་གཞོན་པ། ད་དུང་དེ་མིན་གྱི་མཁས་དབང་དང་གྲོགས་པོ་མང་བོ་ཞིག་འདུས་ཡོད། ང་ཚོ་དགོན་པའི་ཕྱོགས་སུ་འཛེགས་པའི་ལམ་བར་ནས་ཐུག་པའི་སྨན་རྩྭ་དང་འབྲུག་ཡུལ་གྱི་ནགས་ཚལ་སྟུག་པོའི་སྐོར། གསོ་རིག་ལག་ལེན་སྐབས་ཀྱི་ཉམས་མྱོང་ལོ་རྒྱུས་གཤིབ་བསྡུར་དང་མ་འོངས་མཉམ་འབྲེལ་ཐོག་དོན་དངོས་གྲོས་བསྡུར་བྱེད་པ་བཅས་ཀྱི་གླེང་མོལ་སྣ་ཚོགས་ཐོས་དུས་བདག་གི་སེམས་པ་སྤྲོ་བས་ཁེངས། ང་ཚོ་དགོན་པའི་ནང་དུ་སླེབས་དུས་ས་བབ་མཐོ་བའི་ཉི་མས་འཇིགས་རུང་གི་སྤྲིན་པར་ལམ་བུ་ཕྱེས་འདུག་ལ། དེ་ནས་མི་འགྱངས་པར་ཆར་བ་བབས་བྱུང་། ང་ཚོ་ལྷ་ཁང་འདྲ་མིན་གྱི་ནང་དུ་འཚང་ཁ་བརྒྱབ་སྟེ་ཤག་སྒྲ་ལྡན་པའི་ཆར་ཞོད་ཀྱི་འོག་ཏུ་ལ་ལུང་ཡུལ་གྲུ་སྣ་ཚོགས་ཀྱི་གུས་ཕྱག་དང་ཁ་བཏགས་ཕུལ། ང་ཚོ་རི་ནས་ཕྱིར་འབབ་གྲབས་བྱེད་དུས་ས་དམར་གྱི་རྐང་ལམ་དེ་ཤུད་སླ་བའི་འདམ་བག་གིས་གཡོགས་འདུག་ཅིང་། དེ་ལྟར་ང་ཚོ་རི་ལས་འབབ་དུས་གཅིག་གི་ལག་པར་གཅིག་གིས་འཐམས་ཏེ་ཕན་ཚུན་ལ་རམ་འདེགས་བྱེད་བཞིན་ཡོང་དགོས་བྱུང་།

དེ་ལྟ་ནའང་བདག་གིས་ཆེས་མངོན་པར་འཕགས་པའི་གནས་ཚུལ་ཞིག་མཐོང་བྱུང་བ་ནི། ཚོགས་ཞུགས་པ་ཡོངས་ཀྱི་ལྷག་བསམ་རྣམ་དག་ངང་འབྲེལ་འདྲིས་བྱེད་པའི་འདུན་པ་དང་། ཉམས་མྱོང་དང་རིག་གནས་མི་འདྲ་བའི་བར་ཐག་ཉེ་རུ་གཏོང་བའི་འདུན་པ། ཨེ་ཤ་ཡའི་ཡུལ་གྲུ་སོ་སོའི་སྨན་བཅོས་ལག་ལེན་སྣ་ཚོགས་ཀྱི་སྐོར་རམ། ཡང་ན་བོད་ཀྱི་གསོ་བ་རིག་པ་ལ་མཚོན་ན་ཧི་མ་ལ་ཡའི་རྒྱབ་མདུན་གྱི་གསོ་རིག་ལག་ལེན་འདྲ་མིན་གྱི་སྐོར་མང་ནས་མང་དུ་ཤེས་པའི་འདུན་པ་བཅས་སོ།། དགོང་མོ་ཞིག་ལ་ཚོགས་འདུར་ཞུགས་པའི་བོད་ཀྱི་ཨེམ་རྗེ་དང་སྨན་པ་(བོད་ཀྱི་གསོ་རིག་ཉམས་ལེན་པ)མང་ཤོས་ལྷན་ཅིག་ཏུ་དགོང་ཚིགས་མཆོད་པར་འཛོམས་ནས་རང་རང་སོ་སོའི་གཏམ་རྒྱུད་དང་གནས་ཚུལ་བརྗེ་རེས་བྱས། དེའི་ཕྱི་ཉིན་དཔེ་དེབ་འགྲེམས་སྟོན་གྱི་སྐབས་སུ་བདག་བོད་ཀྱི་སྨན་པ་ཞིག་ལ་ཐུག མི་འདིས་ཁོང་གི་ཚེ་སྟོད་ཀྱི་མདུན་ལམ་ལྷ་ས་ནས་བཏང་བ་ཡིན་ལ་ད་ལྟ་རྒྱ་གར་གྱི་ནང་དུ་སྨན་པ་རྩ་ཆེན་ཞིག་ཏུ་གྱུར་ཡོད། ཁོང་གིས་བདག་ལ་སྔ་ཉིན་དགོང་མོའི་སྐོར་དགོད་སྒྲ་གྱི་ལེར་བཤད། བདག་གིས་རོགས་རམ་བྱས་ཏེ་གདན་འདྲེན་བྱས་པའི་ཀྲུང་གོ་ནས་ཕེབས་པའི་བོད་ཀྱི་ན་གཞོན་སྨན་པ་ཞིག་ཡོད་པ་དེ་ཁོང་ལྷ་སར་ཡོད་སྐབས་ཀྱི་གྲོགས་པོ་ཞིག་གི་བུ་རེད་འདུག ཁོང་གིས་དབུས་སྐད་ཀྱི་ལམ་གསུང་རྒྱུར། “འདི་ནི་ལས་འབྲེལ་རེད།” བདག་གིས་ཀྱང་དངོས་གནས་དེ་ལྟར་འདོད།