You are here

པདྨ་ཚེ་བརྟན་དང་ལྷན་དུ་ལམ་ལ་འབུད་པ།
Pema Tseden at Trace Foundation's Latse Library
Pema Tseden at Trace Foundation's Latse Library

གནམ་སྔོན་པོའི་འོག་ན་རི་ཚོགས་དམར་སྨུག་གི་རི་རྒྱུད་དམའ་མོ་ཞིག་རྒྱང་ནས་རྒྱང་དུ་བསྲིངས་ཞིང་། དེ་དང་རྒྱང་ཁད་རིང་ཙམ་དུ་རྩལ་འགྲན་སྤྱོད་ཆས་ཀྱི་རླངས་འཁོར་ (SUV) ཞིག་འདམ་དང་ས་ཕག་གི་ཁང་ལེབ་དམའ་མོ་སྐོར་དང་སྐོར་བྱས་ནས་གྲུབ་པ་དག་གི་དཀྱིལ་ནས་གཤགས་ཏེ། གྱ་གྱུ་མང་ཞིང་འདམ་སྙིགས་ཀྱིས་སྦགས་པའི་ཆུ་བོ་ཞིག་གི་འགྲམ་རྒྱུད་དུ་ཀྱག་ག་ཀྱོག་གེའི་ངང་ནས་ནུར་འགྲོས་བྱེད་པ་འདི་ནི་འཚོལ་ཞེས་པའི་གློག་བརྙན་དེའི་མགོ་འཛུགས་སྟངས་ཀྱི་རྣམ་པ་རེད། གློག་བརྙན་འདི་ནི་བོད་མི་གློག་བརྙན་བཟོ་མཁན་པད་མ་ཚེ་བརྟན་ལགས་ཀྱིས་བཟོས་པའི་གཏམ་རྒྱུད་གློག་བརྙན་ཨང་གཉིས་པ་དེ་རེད་ལ། འདི་ནི་གཏམ་རྒྱུད་གློག་བརྙན་ཞིག་བོད་མི་ཁོ་ནས་འཁྲབ་སྟོན་དང་བཟོ་སྐྲུན་བྱས་པ་ཐེངས་དང་པོ་དེ་རེད། པད་མ་ཚེ་བརྟན་གྱིས་གློག་བརྙན་དེའི་དུས་ཡུན་ཆུ་ཚོད་གཉིས་ཀྱི་རིང་ལ་ལྟ་མཁན་རྣམས་ཀྱི་མིག་གི་ལོངས་སྤྱོད་དུ་ཀྲུང་གོའི་ས་ཁུལ་ཞིག་སྟེ། ཕྱི་ཕྱོགས་ཀྱི་མི་ཚོས་མཐོང་དཀོན་པའི་ས་ཆ་དེ་འདྲ་ཞིག་འདྲེན་པར་བྱེད།

མཚོ་སྔོན་ཞིང་ཆེན་གྱི་ཁྲི་ཀ་རྫོང་དུ་སྐྱེས་ཞིང་འཚར་བའི་པད་མ་ཚེ་བརྟན་གྱིས་ཁོང་གི་ཕ་ཡུལ་དང་། ལྷག་པར་དུ་ཕ་ཡུལ་གྱི་དེང་རབས་ཀྱི་སྤྱི་ཚོགས་འཚོ་བ་དེ་ཧ་ཅང་དམིགས་བསལ་གྱི་ཐབས་ལམ་ཞིག་གི་སྒོ་ནས་ཇི་མ་ཇི་བཞིན་དུ་མཚོན་པར་བྱེད་ལ། ཁོང་གི་ཆེས་ཉེ་ཆར་གྱི་བརྩམས་ཆོས་ཏེ། འཚོལ་ཞེས་པའི་གློག་བརྙན་འདིས་པད་མ་ཚེ་བརྟན་ནི་བོད་འདི་ཉིད་གློག་བརྙན་ཁག་ཏུ་རྒྱུས་མེད་ཁྱད་མཚར་ཞིག་ཏུ་མཚོན་པར་བྱེད་པའི་རྨོངས་གཉིད་དེ་ལས་སད་པར་གྱུར་ཡོད་པ་བསྟན་ཡོད། ༢༠༠༥ ལོར། རྒྱ་ནག་ཏུ་གློག་བརྙན་དར་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་རྒྱུས་ལ་དགའ་སྟོན་རྟེན་འབྲེལ་བྱེད་པའི་སྐབས་དེར། བོད་ཀྱི་གློག་བརྙན་ནི་གཞི་ནས་མགོ་ཚུགས་ཚར་ཙམ་ཡིན། བོད་དུ་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་པ་ཚོའི་ཉིན་ཐོ་ཁག་ཏུ། བོད་དུ་ ༡༩༣༠ ཙམ་གྱི་སྐབས་ནས་གློག་བརྙན་སྟོན་བྱེད་ཀྱི་སྒྲིག་ཆས་དང་གློག་བརྙན་བཟོ་བྱེད་ཀྱི་པར་ཆས་ཁ་ཤས་ཡོད་པ་མ་ཟད། སྐབས་དེ་དུས་ལྷ་སའི་བར་སྐོར་དུ་ཆཱར་ལེ་ ཆཱ་ཕུ་ལིན་ གྱི་གློག་བརྙན་ལ་བོད་མི་ཚོས་ལྟ་འདོད་ཅི་ཙམ་ཆེན་པོ་བྱས་པ་བཀོད་ཡོད་མོད། ཡིན་ནའང་དུས་དེ་ནས་བོད་མི་རང་ཉིད་ཀྱིས་བཟོས་པའི་གློག་བརྙན་ཐོག་མ་སྟེ། པད་མ་ཚེ་བརྟན་གྱི་གཏམ་རྒྱུད་གློག་བརྙན་ཐོག་མ་ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ (2005) ཞེས་པ་འདོན་རྒྱུར་ད་ཕན་ཕལ་ཆེར་ལོ་ངོ་བརྒྱད་ཅུ་འགོར་དགོས་པར་གྱུར། བོད་ལ་མཚོན་ན་འདི་ནི་ཡར་རྒྱས་གལ་ཆེན་ཞིག་ཏུ་བརྩི་ཆོག་མོད། ཡིན་ནའང་པད་མ་ཚེ་བརྟན་གྱིས་དེ་ནི་དགེ་མཚན་ཆེ་བའི་དུས་མཚམས་ཞིག་ཏུ་བརྩི་རུང་བར་མི་འདོད་ཅིང་། དེའི་རྒྱུ་མཚན་ནི་ཁོའི་བསམ་པར་ “བོད་ཀྱི་འཚོ་བ་ངོ་མ་མཚོན་པའི་གློག་བརྙན་ཞིག་འབྱུང་རྒྱུར་ལོ་ངོ་ ༡༠༠ འགོར་ཡོད་པས་སོ།།”

བོད་ཀྱི་རིག་གཞུང་ཇི་མ་ཇི་བཞིན་དུ་མཚོན་ཐབས་བྱེད་རྒྱུ་དེ་པད་མ་ཚེ་བརྟན་གྱིས་རང་གི་དམིགས་ཡུལ་དུ་བཅངས་པ་ནི་གཅིག་བྱས་ན་ཡ་མཚར་དགོས་པའི་གནས་ཚུལ་ཅང་མ་རེད། མཚོ་སྔོན་ཞིང་ཆེན་གྱི་འབྲོག་ཕྱོགས་ཀྱི་ཕ་མ་གཉིས་ལ་སྐྱེས་པའི་བུ་ཕྲུག་གསུམ་གྱི་ཁྲོད་ནས། པད་མ་ཚེ་བརྟན་ནི་ཁྱིམ་ཚང་དེ་ནས་སློབ་གསོ་མཐར་འཁྱོལ་ཐུབ་མཁན་གྱི་བུ་ཕྲུག་ཁོ་ནར་གྱུར། ཁོས་བཤད་ན། “ཆུང་དུས་ནས་ངས་བོད་ཀྱི་རིག་གནས་སློབ་སྦྱོང་བྱས་པ་ཡིན། སློབ་ཆུང་ནས་སློབ་གྲྭ་ཆེན་མོ་བར་དུ་སློབ་སྦྱོང་བྱས་ཚད་མཐའ་དག་བོད་ཀྱི་རིག་གནས་ཀྱི་སྐོར་ཡིན” ཟེར།

པད་མ་ཚེ་བརྟན་ཆུང་དུས་ནས་གློག་བརྙན་ལ་བལྟ་རྒྱུར་དགའ་ཞིང་། ལྷག་པར་དུ་ [བོད་བཅིངས་འགྲོལ་མ་བྱས་གོང་ནས་] ལྷ་སའི་བར་སྐོར་དུ་བོད་མི་ཚོས་ལྟ་འདོད་ཆེ་བའི་ཆཱར་ལེ་ ཆཱ་ཕུ་ལིན་ གྱི་དགོད་བྲོའི་གློག་བརྙན་ལ་དེ་བས་ཀྱང་དགའ་རུང་། ཉིན་ཞིག་རང་ཉིད་གློག་བརྙན་བཟོ་མཁན་ཞིག་ཏུ་འགྱུར་རྒྱུ་ནི་ཁོའི་སེམས་སུ་རྩ་ནས་འཁོར་མྱོང་མེད། བོད་ཀྱི་རྩོམ་རིག་དང་སྐད་ཡིག་སྦྱོང་མཁན་གྱི་བོད་མི་ན་གཞོན་མང་པོ་ཞིག་ལྟར། པད་མ་ཚེ་བརྟན་ནི་གློག་བརྙན་བཟོ་མཁན་ཞིག་ཏུ་གྱུར་བའི་ལམ་བུ་ནི་ཀྱག་ཀྱོག་མིན་པ་དེ་འདྲ་རྩ་ནས་མིན་པར། དང་པོར་ཁོང་དགེ་རྒན་བྱས་པ་དང་། དེ་ནས་རྩོམ་བྲིས། དེ་ནས་ཞིབ་འཇུག་བྱས་ཏེ་བྱ་བའི་རིམ་པ་མང་པོ་ཞིག་བརྒྱུད་མྱོང་།

ཆབ་ཆའི་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་པའི་རྗེས་སུ། པད་མ་ཚེ་བརྟན་གྱིས་ཁོང་གི་ཕ་ཡུལ་དུ་ལོ་ངོ་བཞིའི་རིང་ལ་དགེ་རྒན་གྱི་བྱ་བ་བསྒྲུབས་ཤིང་། དེའི་རྗེས་ནས་ལན་ཀྲིག་ཏུ་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་སོང་སྟེ་མུ་མཐུད་དུ་སློབ་གཉེར་བྱས་པའི་མཐའ་མར་སླར་ཡང་ཕ་ཡུལ་དུ་ཕྱིར་ལོག་ནས་ལོ་ལྔ་ལ་བསྡད། དེ་ནས་ཁོང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་ལོ་གཉིས་ཀྱི་རིང་ལ་ཞིབ་འཇུག་སློབ་མ་བྱེད་པའི་གོ་སྐབས་ཐོབ་ཅིང་། དེས་ཁོང་གི་མི་ཚེ་ལ་འགྱུར་བ་ཆེན་པོ་ཞིག་གཏོང་བར་འགྱུར་རྒྱུ་བློ་ཡུལ་དུའང་ཤར་མ་མྱོང་། ལན་ཀྲིག་ཏུ་ཞིབ་འཇུག་སློབ་མ་གནང་བཞིན་པའི་ལོ་གཉིས་པ་དེར། པད་མ་ཚེ་བརྟན་གྱིས་ཐེངས་ཐོག་མར་པེ་ཅིན་གློག་བརྙན་སློབ་གྲྭ་ཆེན་མོ་ཞེས་པ་དེའི་སྐོར་ལ་ཤེས་རྟོགས་བྱུང་། མཚན་སྙན་མཐོ་བའི་སློབ་གྲྭ་ཆེན་མོ་འདི་ནས་རྒྱ་ནག་གི་གློག་བརྙན་བཟོ་མཁན་གྲགས་ཅན་ཁག་ཅིག་སྟེ། དཔེར་ན། ཁྲིན་ཁའེ་ཀི་ (陈凯歌) དང་། ཅཱ་ཀྲང་ཁི། (贾樟柯) ཀྲང་ཡུས་མོའུ་ (张艺谋) དང་ཐེན་ཀྲོང་ཀྲོང་(田壮壮) བཅས་བྱུང་མྱོང་ཞིང་། ཐེན་ཀྲོང་ཀྲོང་གིས་རྗེས་ནས་ཁོང་གི་འཚོལ་ཞེས་པའི་གློག་བརྙན་བཟོ་སྐྲུན་གྱི་རྒྱབ་སྐྱོར་གལ་ཆེ་ཤོས་གནང་།

པད་མ་ཚེ་བརྟན་གྱིས་བཤད་ན། “ང་དང་ངའི་གྲོགས་པོ་ཚང་མས་བོད་ཀྱི་རིག་གནས་སྐོར་གྱི་གློག་བརྙན་མང་དག་ཅིག་མཐོང་མྱོང་མོད། ཡིན་ནའང་གློག་བརྙན་འདི་དག་མང་ཆེ་ཤོས་ཀྱིས་བོད་ཀྱི་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། དགེ་སྡིག་བླང་དོར་གྱི་དབྱེ་བ་འབྱེད་སྟངས་བཅས་ལུགས་དང་མཐུན་པ་ཞིག་མཚོན་མེད། ང་ཚོའི་བསམ་པར་རིག་གནས་དེ་ལས་འཚར་ཞིང་རྒྱས་པའི་མི་ཞིག་གིས་གློག་བརྙན་ཞིག་བཟོས་ཏེ་རང་གི་ཉམས་མྱོང་ངོ་མ་དེ་མཚོན་ཐབས་བྱས་ན་ཅི་འདྲའི་བཟང་བ་ལ་ཨང་སྙམ་ཞིང་། མི་ཚང་མའི་སེམས་སུ་བསམ་ཚུལ་འདི་འདྲ་ཞིག་བཟུང་ཡོད་པ་རེད།” ཡིན་ནའང་དཔལ་འབྱོར་གྱི་དཀའ་ངལ་གྱི་དབང་གིས་པད་མ་ཚེ་བརྟན་ལ་གློག་བརྙན་གྱི་སློབ་གྲྭ་ཆེན་མོ་དེར་འགྲོ་རྒྱུའི་རེ་བ་ཆེན་པོ་སྐྱེས་མ་ཐུབ།

ཁོང་གིས་བཤད་རྒྱུར། “2000 ལོར། ཀུན་ཕན་ཐེབས་རྩ་ཚོགས་པར་བྱ་བ་བསྒྲུབས་མྱོངས་པའི་གྲོགས་པོ་ཁག་ཅིག་བརྒྱུད་དེ་ཐེབས་རྩ་ཚོགས་པ་འདིའི་སྐོར་གོ་བྱུང་། སྐབས་དེར་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་གཞི་རོགས་དངུལ་དང་སློབ་ཡོན་བྱ་དགའི་རོགས་དངུལ་གྱི་སྐོར་ཤེས་མཁན་མང་པོ་མེད།” 2002 ལོར། པད་མ་ཚེ་བརྟན་གྱིས་གློག་བརྙན་བཟོ་སྐྲུན་གྱི་སློབ་སྦྱོང་བྱེད་པའི་ཆེད་དུ་ཀུན་ཕན་ཐེབས་རྩ་ཚོགས་པར་སྙན་ཞུ་ཕུལ་ཏེ་སློབ་ཡོན་རོགས་དངུལ་ཞུས། ཀུན་ཕན་ཐེབས་རྩ་ཚོགས་པ་ནི་པད་མ་ཚེ་བརྟན་སློབ་མ་ཞིག་དང་དགེ་རྒན་ཞིག་ཡིན་པའི་ཆ་རྐྱེན་དེ་མཐོང་ནས་དགའ་སྤྲོ་སྐྱེས་ཞིང་། ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་གློག་བརྙན་བཟོ་མཁན་ཆེས་ཐོག་མ་དེ་པེ་ཅིན་གློག་བརྙན་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་བྱེད་དུ་འགྲོ་བར་མཐུན་འགྱུར་རོགས་རམ་བྱེད་པར་དེ་བས་ཀྱང་རེ་བའི་སྤྲོ་སྣང་གིས་བརྟས་ཏེ། ཁོང་གི་རེ་སྐུལ་དང་ལེན་བྱས།

གློག་བརྙན་སློབ་གྲྭ་ཆེན་མོ་དེ་རུ་སློབ་སྦྱོང་བྱེད་པའི་ཐོག་མའི་ལོ་གཉིས་ཀྱི་རིང་ལ། པད་མ་ཚེ་བརྟན་གྱིས་གློག་བརྙན་ཐུང་ངུ་གཉིས་ཏེ། རྩྭ་ཐང་དང་། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པ་གཉིས་བཟོ་སྐྲུན་བྱས། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ནི་རྗེས་ནས་ཇེ་རིང་དུ་བཏང་སྟེ། གློག་བརྙན་གྱི་མིང་དེ་སོར་འཇོག་གིས་གཏམ་རྒྱུད་གློག་བརྙན་ཧྲིལ་པོ་ཞིག་ཏུ་བསྒྱུར། ཐོག་མའི་གློག་བརྙན་ཐུང་ཐུང་འདི་གཉིས་ལ་རྒྱལ་སྤྱིའི་ཐོག་ཏུ་ངོས་ལེན་གྱིས་གཟེངས་བསྟོད་བྱ་དགའ་ཡང་ཐོབ་པར་གྱུར།

༢༠༠༦ གི་ལོར། པད་མ་ཚེ་བརྟན་ཕྱིར་པེ་ཅིན་གློག་བརྙན་སློབ་གྲྭ་ཆེན་མོ་རུ་སོང་སྟེ་གློག་བརྙན་འཁྲབ་འཁྲིད་ཀྱི་ཐོག་ལ་དམིགས་པ་རྩེ་གཅིག་ཏུ་གཏད། དེ་ནས་ཅང་མ་འགོར་བར་ཁོས་འཚོལ་ (2009) ཞེས་ད་ཕན་གཟིགས་མོ་བ་ཚོས་དགའ་སྣང་ཆེ་ཤོས་བྱེད་སའི་གློག་བརྙན་དེ་བཟོ་སྐྲུན་བྱེད་མགོ་བརྩམས། གློག་བརྙན་དུ་གློག་བརྙན་ཞིག་འདྲེན་པའི་གློག་བརྙན་འདི་རུ་བོད་མི་གློག་བརྙན་བཟོ་མཁན་ཞིག་གིས་གཞན་ཕན་གྱི་ཆེད་དུ་ཐ་ན་རང་གི་གཅེས་པའི་མིག་ཟུང་ཡང་སྦྱིན་པར་བྱེད་པའི་རྒྱལ་སྲས་དྲི་མེད་ཀུན་ལྡན་ཞེས་པའི་བོད་ཀྱི་སྲོལ་རྒྱུན་གྱི་ཟློས་གར་དེ་གཞི་ལ་བཞག་པའི་གློག་བརྙན་ཞིག་བཟོ་སྐྲུན་བྱེད་པར། དེའི་ནང་གི་འཁྲབ་སྟོན་མི་སྣ་འཚོལ་དུ་འགྲོ་བའི་བརྒྱུད་རིམ་ལས་འཕྲོས་པའི་གཏམ་རྒྱུད་ཅིག་བཤད་ཡོད། བརྒྱུད་རིམ་འདིའི་ཁྲོད་དུ་གློག་བརྙན་བཟོ་མཁན་དེས་བོད་གངས་ཅན་གྱི་མཐོ་སྒང་ཁྱོན་ཡོངས་སུ་སྐར་ཆ་རེ་རེ་བཞིན་དུ་འཕོ་འགྱུར་བླ་ན་མེད་པ་ཞིག་འབྱུང་བཞིན་ཡོད་པ་དངོས་སུ་ཉམས་སུ་མྱངས་བ་དང་ཆབས་ཅིག པད་མ་ཚེ་བརྟན་གྱིས་བཤད་པའི་ “བོད་ཀྱི་ནང་ཆོས་ཀྱི་རྩ་བའི་རྩ་དོན་” ཏེ། བོད་ཀྱི་རིག་གནས་ཀྱི་རྟག་བརྟན་འགྱུར་མེད་ཀྱི་ཆ་ཡང་དངོས་སུ་མིག་མཐོང་ལག་ཟིན་བྱུང་ཡོད་པ་བསྟན་ཡོད།

པད་མ་ཚེ་བརྟན་གྱི་བརྩམས་ཆོས་གཞན་དག་ལྟར། འཚོལ་ཞེས་པའི་གློག་བརྙན་འདིས་དེང་རབས་ཀྱི་བོད་གཙོ་བོར་བཟུང་ཡོད་ཅིང་། ཁོས་དེ་ལྟར་བྱེད་དོན་ནི་སྤྱིར་བཏང་རྒྱལ་སྤྱིའི་གཟིགས་མོ་བ་ཚོར་བོད་ཀྱི་རིག་གནས་ནི་འཕེལ་སྐྱེད་བྱུང་དང་འབྱུང་བཞིན་ཡོད་པ་ཤེས་རྟོགས་མེད་པ་ལ་བརྟེན་ནས་ཡིན་ཟེར། “བོད་ཀྱི་སྐོར་དེ་ཙམ་ཡག་པོ་ཞིག་མི་ཤེས་པའི་མི་ཚོའི་བོད་ཀྱི་མཐོང་སྣང་ནི་” གནམ་སའི་འབྲེལ་མཚམ་ཡལ་བར་གྱུར་ (Lost Horizon) ཞེས་པ་དང་། ཞིང་བྲན་ཞེས་པ་ལ་སོགས་པ་ནས་བརྩིས་ཏེ་ད་ལྟའི་བར་དུ་ནུབ་ཕྱོགས་དང་རྒྱ་ནག་ཏུ་བོད་ཀྱི་སྐོར་ལ་ཆབ་སྲིད་ཀྱི་རང་བཞིན་དང་ཡང་ན་སྤྲོ་སྣང་གི་རང་བཞིན་གྱི་གློག་བརྙན་མང་དག་ཅིག་བཟོས་པ་དེ་དག་ལས་ “འགྱུར་བ་ཅི་ཡང་སོང་མེད”། རྒྱུ་མཚན་འདི་དག་ལ་བརྟེན་ནས་པད་མ་ཚེ་བརྟན་གྱིས་བཤད་ན། ཁོང་ནི་ “[ཕྱི་རྒྱལ་གྱི་] སྣང་བརྙན་གྱི་དབང་དུ་མ་སོང་བར་ཆེད་དུ་དེ་དག་ལས་གཡོལ་ཅི་ཐུབ་ཀྱིས། ... གཙོ་བོར་བོད་དུ་བོད་མི་དམངས་ཀྱི་གཞི་རྩའི་འཚོ་བའི་གནས་སྟངས་དང་ཁོང་ཚོའི་དགའ་སྐྱོའི་འཚོ་བ་ཅི་འདྲ་ཞིག་ཡིན་པ་མཚོན་ཐབས་བྱས་པ་ཡིན་” ཟེར། ཡིན་ནའང་། འགྱུར་ལྡོག་གི་མྱུར་ཚད་འདི་འདྲའི་མགྱོགས་པའི་རིག་གཞུང་ཞིག་ཏུ་ལས་འགན་འདི་འདྲ་ཞིག་བསྒྲུབ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་མ་གཏོགས་གཞན་ཅང་མིན།

པད་མ་ཚེ་བརྟན་གྱི་བསམ་པར་གློག་བརྙན་ནི་བོད་ཀྱི་རིག་གཞུང་ཁྲོད་དུ་འགྱུར་བ་མང་པོ་ཞིག་འབྱུང་བཞིན་ཡོད་པ་དེ་ཚོ་ཕྱི་རོལ་གྱི་མི་ཁོ་ན་ཙམ་མིན་པར། བོད་མི་རང་ཉིད་ཀྱི་ཆེད་དུ་མཚོན་བྱེད་ཀྱི་བརྒྱུད་ལམ་ཕུན་སུམ་ཚོགས་པ་ཞིག་ཡིན་པར་འདོད་ཅིང་། ཁོང་གིས་འདིའི་ཐད་ལ་བཤད་རྒྱུར། “ང་ལ་མཚོན་ན། ངས་རིག་གཞུང་གི་མ་ལག་གསར་བ་ཞིག་གི་མགོ་རྩོམ་པར་འདོད་པ་ཡིན། གློག་བརྙན་ནི་དེང་རབས་རིག་གནས་གསར་བའི་བརྒྱུད་ལམ་ཞིག་རེད། ཡིན་ནའང་བོད་དུ་འདི་ནི་སྒྱུ་རྩལ་གྱི་རྣམ་པ་གསར་བ་ཞིག་རེད་ལ། བོད་ཀྱི་རིག་གཞུང་དང་བོད་ཀྱི་འཚོ་བའི་ཁྱད་ཆོས། ཡང་ན་བོད་ཀྱི་སྲོལ་རྒྱུན་གྱི་བློ་གྲོས་བཅས་ཀྱི་མཚོན་སྟངས་གང་འདྲ་ཞིག་ཏུའང་། གློག་བརྙན་བཟོ་སྐྲུན་གྱི་སྒྱུ་རྩལ་ནི་དེང་རབས་རིག་གནས་མཚོན་ཐབས་ཀྱི་གཞི་རྩའི་མ་ལག་དེ་རུ་འགྱུར་དགོས་པར་འདོད་ཀྱི་ཡོད།” ཅེས་བཤད།

ཁོང་གི་བློ་མིག་གཏད་ས་ནི་དེང་རབས་ཀྱི་རིག་གནས་ཡིན་མོད། ཡིན་ནའང་པད་མ་ཚེ་བརྟན་གྱིས་བོད་ཀྱི་སྲོལ་རྒྱུན་གྱི་རི་མོ་ལས་དཔེ་ཞིག་གཡོར་བར་ཅང་མི་སྙམ། ཁོས་བཤད་རྒྱུར་ “ངའི་གློག་བརྙན་གཉིས་པ་འཚོལ་ཞེས་པ་དེ་བཟོ་བར། ངས་སྲོལ་རྒྱུན་གྱི་ཐང་གའི་ནང་དུ་དཔེར་ན་སངས་རྒྱས་ཀྱི་འཁྲུངས་རབས་མང་པོ་ཐང་ག་གཅིག་གི་ནང་དུ་མཚོན་པར་བྱེད་པའི་རི་མོའི་མཚོན་ཐབས་དང་། རྟོགས་པ་བརྗོད་ཐབས་ཀྱི་རིགས་ལམ་དེ་གཅིག་མཚུངས་སྤྱད་པ་ཡིན།” ཞེས་ཟེར། དེར་བརྟེན། འཚོལ་ཞེས་པའི་གློག་བརྙན་དུ་རྒྱང་ནས་བླངས་པའི་ཞེང་ཁ་ཆེན་པོའི་བརྙན་རིས་ཀྱིས་ཁེངས་ཞིང་། གནས་སྟངས་མང་ཆེ་བར་གློག་བརྙན་ནང་གི་མི་སྣའི་ངོ་གདོང་གི་རྣམ་འགྱུར་ལས་མི་སྣ་དེ་དག་འཚོ་སའི་ཁོར་ཡུག་དེ་ཅི་འདྲ་ཞིག་ཡིན་པ་གལ་ཆེན་པོར་བཟུང་ཡོད། དམིགས་བསལ་གྱི་ཁྱད་ཆོས་འདི་ལ་བརྟེན་ནས། བོད་གསར་བའི་ཡུལ་གྲུ་འདིར་འཚོ་བཞིན་པའི་མིའི་གནས་སྟངས་དང་ཁོང་ཚོའི་འབྲེལ་བ་བཅས་རང་བཞིན་གྱིས་མངོན་པར་བྱས་པ་དང་ཆབས་ཅིག་ཏུ། འགྲེལ་བཤད་སྣ་ཚོགས་བརྒྱག་རུང་བའི་ཞིབ་ཕྲའི་ནང་དོན་ཅན་གྱི་བརྙན་རིས་རྣམས་དོར་བར་བྱས་ཡོད།

ཡིན་ནའང་ཀྲུང་གོའི་མངའ་ཁོངས་ཀྱི་བོད་ཀྱི་ས་ཁུལ་ཁག་ཏུ་གློག་བརྙན་བཟོ་སྐྲུན་བྱེད་པར་དཀའ་ངལ་མེད་པ་མིན། སྒང་གཤོངས་ཀྱིས་ཁེངས་པའི་ཨ་མདོའི་ས་བབས་དང་ས་དེའི་རུས་རྐང་ལ་ཟུག་པའི་དགུན་ཁའི་གྲང་ངར་གྱིས་གློག་བརྙན་འཁྲབ་མཁན་པ་ཚོ་དང་གློག་བརྙན་བཟོ་སྐྲུན་རུ་ཁག་གི་ལས་མི་ཚོ་དཀའ་ངལ་མང་པོར་གཏོད་པ་མ་ཟད། ད་དུང་འཁྱག་རེངས་སུ་ཤོར་མི་རུང་པའི་གློག་བརྙན་བཟོ་སྐྲུན་གྱི་ཡོ་བྱད་དང་སྤྱིན་ཤོག་སོགས་ལའང་གནོད་པ་ཆེ། དེ་ནི་པད་མ་ཚེ་བརྟན་གྱིས་ཨང་རྟགས་དཔར་ཆས་ཞིག་བེད་སྤྱོད་བྱེད་དགོས་པར་གྱུར་བའི་རྒྱུ་མཚན་གཅིག་ཡིན། ལྟོས་བཅས་ཀྱིས་བཤད་ན། བོད་དུ་གློག་བརྙན་བལྟ་མཁན་གྱི་མི་འབོར་ཉུང་བ་དང་དེ་དག་ལ་གློག་བརྙན་ཁྱབ་གདལ་དུ་སྟོན་པའི་བརྒྱུད་ལམ་དཀོན་པ་བཅས་ཀྱི་དཀའ་ངལ་ཆེ་བར་བརྟེན། བོད་དུ་གློག་བརྙན་བཟོ་མཁན་ཚོས་བོད་རང་གི་ཁྱད་ཆོས་ལྡན་པའི་གློག་བརྙན་བཟོ་བར་འགྲོ་གྲོན་འཚོལ་ཐབས་ཀྱི་ཐོག་ནས་ཀྱང་དཀའ་ངལ་འཕྲད་བཞིན་ཡོད།

དེ་མ་ཟད་ད་དུང་བོད་དུ་སྦྱོང་བརྡར་ཐོབ་མྱོང་བའི་གློག་བརྙན་འཁྲབ་སྟོན་པ་ཧ་ཅང་དཀོན་པོ་རེད། ཡིན་ནའང་འཁྲབ་སྟོན་པ་དཀོན་པའི་གནས་སྟངས་དེས་པད་མ་ཚེ་བརྟན་ལ་རྐྱེན་ངན་གྲོགས་ཤར་གྱི་ནུས་པ་གལ་ཆེན་པོ་ཞིག་ཀྱང་ཐོན་པར་བྱས། ཁོས་བཤད་རྒྱུར་ “ངའི་གློག་བརྙན་དག་ཏུ། དགོན་པའི་འཚོ་བ་དང་། སྡེ་བའི་འཚོ་བ་བཅས་ནི་རང་གི་ཆུང་དུས་ཀྱི་ཉམས་མྱོང་གཞིར་བཟུང་ནས་འཆར་འགོད་བྱས་པ་ཡིན། དེ་དག་ནི་ངའི་ཉམས་མྱོང་རྣམས་མཚོན་ཐབས་བཅོས་མ་ཞིག་རེད་མོད། ཡིན་ནའང་དེ་དག་ནི་ངའི་བསམ་པའི་བརྩེ་དུང་གི་གཏིང་རིམ་ལ་ཟུག་ཡོད། གྲྭ་བ་ཞིག་གི་དགོན་པའི་ནང་གི་མི་ཚེ་དང་། ཡང་ན་སྡེ་བ་ཞིག་གིས་ལོ་གསར་ལ་གྲ་སྒྲིག་བྱས་ཏེ་ལོ་གསར་གཏོང་བ་བཅས་ནི་བཅོས་མས་མ་ལྷད་པར་ཕལ་ཆེར་ངོ་མ་རེད།”

དཀའ་ངལ་འདི་དག་དང་ཁོང་གི་བརྩོན་འགྲུས་ལས་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཀྱིས་པད་མ་ཚེ་བརྟན་ལ་དེང་རབས་བོད་ཀྱི་སྤྱི་ཚོགས་ལ་སྔར་ལས་ལྷག་པའི་རྟོག་དཔྱོད་གཏོང་རྒྱུའི་སྐུལ་འདེད་ཐོབཔར་གྱུར། སྲོལ་རྒྱུན་དང་དེང་རབས་ཀྱི་སྒྱུ་རྩལ་གཉིས་ཀྱི་བར་ནས། པད་མ་ཚེ་བརྟན་གྱིས་གནའ་ནས་ད་བར་དུ་རྒྱུན་མི་ཆད་པར་འགྱུར་ནས་འགྱུར་བཞིན་པའི་བོད་ཀྱི་སྣང་བརྙན་ཐུན་མོང་མ་ཡིན་པ་ཞིག་བསྐྲུན་པར་བྱས། བོད་ཀྱི་གློག་བརྙན་གྱི་ཤིང་རྟའི་སྲོལ་འབྱེད་པ་འདིས་གློག་བརྙན་བཟོ་སྐྲུན་གྱི་ལས་གནས་འདི་ལས་དགོངས་པ་མི་ཞུ་པར། དེ་ལས་ལྡོག་སྟེ་ཁོང་ནི་བོད་ཀྱི་གློག་བརྙན་གྱི་སྨྲ་བརྗོད་དབང་བོ་རུ་འགྱུར་རྒྱུའི་འབད་བརྩོན་མུ་མཐུད་ནས་བྱེད་རྒྱུ་རེད།