You are here

དྭངས་ཤེལ་གྱི་རྒྱབ་ཏུ།

དགུན་གྱི་གྲང་ངར་སླེབས་བཞིན་པའི་སྐབས་དེར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་གྲོང་རྡལ་དུ་ཡོད་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་འབྲིང་གི་དགེ་རྒན་ཚོས། འབྲིང་རིམ་ཆེད་སྦྱོང་བོད་ཡིག་སློབ་གྲྭ་འདིའི་ལོ་རིམ་གསུམ་པའི་(མཐར་ཕྱིན་འཛིན་གྲྭའང་ཡིན)སློབ་མ་རྣམས་དམིགས་བསལ་ཚོགས་འདུ་ཞིག་ལ་བོས། བོད་ཡུལ་མཐོ་སྒང་དུ་འདི་རིགས་ཀྱི་སློབ་གྲྭ་འདི་ཁོ་ན་མ་གཏོགས་མེད། ཚོགས་འདུ་འདི་སྐོང་དོན་ནི། སློབ་མ་ཚོར། སློབ་གྲྭ་འདི་ག་རང་ནས་མཐར་ཕྱིན་པའི་ཚེ་རིང་འཕེལ་ལོ། སྤྱི་ལོ་༢༠༠༧ལོར་གསར་འཛུགས་གནང་བའི་རབ་གསལ་ཞེས་པའི་གཞུང་གཉེར་མ་ཡིན་པའི་ཚོགས་པ་འདིས་བསྒྲུབས་པའི་སྦྱོང་བརྡར་གྱི་གོ་སྐབས་ངོ་སྤྲོད་བྱ་རྒྱུ་དེ་རེད། རབ་གསལ་ཚོགས་པས་བདམས་ཐོན་བྱུང་བའི་སློབ་མ་༡༥ལ་སྨྱན་མང་ལག་རྩལ་ལ་མཁོ་བའི་འཕྲུལ་ལས་དང་ལག་ལེན་ནུས་རྩལ་ཁྲིད་སྟོན་བྱེད་པའི་ཚོད་ལྟའི་སྦྱོང་བརྡར་ལས་གཞི་ཞིག་སྤེལ་རྒྱུའི་འཆར་གཞི་འཐེན་གྱི་ཡོད། གཅིག་ནས་བདམས་དོན་བྱུང་བའི་སློབ་མ་ཚོའི་སེམས་ཤུགས་དང་གོ་སྐབས་རྒྱ་སྐྱེད་ཆེད་དང་། གཉིས་ནས་ཁོང་ཚོར་མཚོན་ན་རང་ཉིད་ཀྱི་རིག་གནས་དེ་རང་ཉིད་ལ་ཅི་འདྲ་གལ་ཆེན་ཡིན་སྐོར་ངོས་ཟིན་པའི་ཆེད་དུ། སློབ་མ་འདི་ཚོས་པར་ལེན་ལས་རིགས་དང་བརྙན་ལེན་པར་ཆས་སྤྱོད་སྟངས། གྲངས་འཕྲུལ་ཐོག་ནས་སྒྲིག་སྦྱོར་བྱེད་སྟངས་བཅས་ཀྱི་སྐོར་སློབ་སྦྱོང་བྱེད་རྒྱུ་རེད། ཚོགས་འདུའི་ཐོག་ཏུ་དགེ་རྒན་ཚོས་དོ་སྣང་ཡོད་མཁན་ཚོ་འདེམས་གསེས་ཀྱི་ཁྲོད་དུ་ཞུགས་རོགས་ཞེས་གསུངས་པ་ན། གོ་སྐབས་འདི་དམ་འཛིན་བྱེད་པའི་སེམས་ཤུགས་ཀྱིས་ཚོགས་ཁང་ཁེངས།
སློབ་སྐབས་དང་པོའི་སྐབས་སུ་ལོ་ན་༡༧ནས་༢༡བར་གྱི་སློབ་མ་༡༥བསྡུས་པ་དང་། ཁོང་ཚོ་ཚང་མ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་འབྲོག་གི་སྤྱི་ཚོགས་ནས་ཡོང་བ་ཞེ་གཅིག་རེད། རྩིས་འཕྲུལ་ཚན་རྩལ་སྡེ་ཁག་གི་སློབ་མ་རྣམས་འཕྲུལ་ལས་ཀྱི་ཐོག་ནས་དགེ་མཚན་ཡོད་པའི་རྐྱེན་གྱིས་ཁོང་ཚོའི་ཁྲོད་ནས་འདེམས་རྒྱུ་ཐག་གིས་བཅད་ཅིང་། སྦྱོང་བརྡར་འཛིན་གྲྭ་ཚང་མ་ཕྱི་དྲོ་ཁོང་ཚོའི་རྒྱུན་ལྡན་གྱི་འཛིན་གྲྭ་རྣམས་གྲོལ་རྗེས་སུ། སློབ་གྲྭའི་རྩིས་འཕྲུལ་སློབ་ཁང་གཙོ་བོའི་ནང་དུ་ཚོགས་པ་རེད། སློབ་མ་ཚོར་ཐོག་མར་གྲངས་འཕྲུལ་པར་ཆས་དང་བརྙན་ལེན་པར་ཆས་ལྟ་བུའི་ཡོ་བྱད་ངོ་སྤྲོད་བྱས། རབ་གསལ་ཚོགས་པའི་ལས་བྱེད་པ་ཚོས་ཡོ་བྱད་འདི་དག་གི་གཞི་རྩའི་གྲུབ་ཆ་ངོ་སྤྲོད་བྱས་རྗེས། སློབ་མ་ཚོར་ཡོ་ཆས་དེ་དག་ལ་ཐུག་རེག་བྱེད་པའི་དུས་ཚོད་རིང་བོ་སྤྲད། ལག་ལེན་གྱི་ཐོག་ནས་སྦྱོང་བརྡར་བྱེད་པ་ནི་འཛིན་གྲྭ་འདིའི་ཁྲིད་ཐབས་གཙོ་བོ་ཡིན། སློབ་མ་ཚོ་ལ། འདྲ་པར་དང་བརྙན་བསྡུས་འགའ་རེ་གཞན་པ་ཚོ་ལས་ཅིའི་ཕྱིར་ནུས་པ་ཆེ་བ་ཡིན་ནམ། གང་གི་ཐད་ནས་དེ་ཚོ་གཞན་ལས་ནུས་པ་ཆེའམ། གང་གི་ཐད་དེ་ཚོ་ད་རུང་ཡར་རྒྱས་སུ་གཏོང་དགོས་སམ། སོགས་ཀྱི་དྲི་བ་མུ་ནས་མུ་མཐུད་དེ་བཏོན། སློབ་མ་རྣམས་ལ་པར་ཆས་དང་གློག་བརྙན་གྱི་ངོས་དང་ཟུར། དེ་བཞིན་འོད་དང་སྒྲའི་གལ་ཆེན་རང་བཞིན་བཅས་ཁྲིད་སྟོན་བྱས།
སློབ་སྐབས་གཉིས་པའི་ནང་དུ། བོད་ཀྱི་ཉིན་རེའི་འཚོ་བ་དང་རིག་གནས་ཀྱི་རྣམ་པ་འདྲ་པར་དང་བརྙན་དུ་ལེན་ཆེད། སློབ་མ་ཚོ་རྒྱུ་ལ་རི་བོའི་ཕྱི་ནང་གི་ས་གནས་སྤྱི་ཚོགས་ལ་ལྟ་སྐོར་དུ་ཁྲིད་སྐབས། ཁོང་ཚོས་རང་ཉིད་ཀྱིས་སློབ་ཁང་ནས་སྦྱངས་པའི་ནུས་རྩལ་དག་དངོས་སུ་ལག་ལེན་བྱེད་ཐུབ་པ་བྱུང་། སྦྱོང་བརྡར་འདི་རྩ་འཛུགས་བྱེད་སྐབས། སློབ་མ་རྣམས་ལ་ཁོང་ཚོས་བལྟས་ན་རང་ཉིད་ཀྱི་མི་རིགས་དང་རིག་གནས་ཀྱི་ཐད་ཚབ་མཚོན་རང་བཞིན་གྱི་རིན་ཐང་ལྡན་འདུག་སྙམ་པའི་འདྲ་པར་དང་བརྙན་གཟུགས་ཚན་པ་ལེན་ཐུབ་མིན་ཐད་དོ་སྣང་བྱེད་དགོས་པར་དྲན་སྐུལ་བྱས་ཡོད། སློབ་སྐབས་འདིའི་ཚད་མཐོ་ས་དང་དུས་ཀྱི་མཇུག་ཙམ་ལ་སླེབས་སྐབས། ཡང་བསྐྱར་ལག་ལེན་གྱི་ཁྲོད་ནས་སློབ་སྦྱོང་བྱེད་པ་ཞེས་པའི་རྩ་འཛིན་ལྟར། སློབ་མ་ཚོར་ས་གནས་མི་དམངས་ལ་བཅར་འདྲི་བྱེད་བཅུག་ཡོད། སློབ་མ་རྣམས་ལ། བཅར་འདྲི་བྱེད་པའི་ནུས་ལྡན་རང་བཞིན་དང་རྩལ་ཅན་རང་བཞིན་ཐད་དེ། ཅི་ལྟར་བྱས་ཏེ་བཅར་འདྲི་བྱེད་ཡུལ་ལྷོད་ལ་འབབ་ཏུ་འཇུག་ཐབས་དང་། གནས་དང་ངོས་གང་ནས་བརྙན་ལེན་གྱི་མཐའ་སྒྲོམ་སྒྲིག་དགོས་པ་སོགས་ཁྲིད་སྟོན་བྱས། རབ་གསལ་ཚོགས་པའི་སྦྱོང་བརྡར་སྤྲོད་མཁན་ཚོས་སློབ་མ་རྣམས་ལ་གསར་གཏོད་རང་བཞིན་དང་དོགས་དཔྱོད་རང་བཞིན་གྱི་ཐོག་ནས་བསམ་བློ་གཏོང་བའི་སྐུལ་འདེད་བཏང་ཞིང་། འདི་ནི་སློབ་མ་རྣམས་ཀྱིས་དེ་སྔ་ཉམས་སུ་མྱོང་བའི་གོ་སྐབས་མང་བོ་མེད་པའི་བློ་གྲོས་ཐོག་གི་སྦྱོང་བརྡར་ཞིག་ཡིན། བརྒྱུད་རིམ་འདི་དག་གི་ཁྲོད་དུ། སྦྱོང་བརྡར་སྤྲོད་མཁན་དང་ སློབ་མའི་བར་དུ་འབྲེལ་བ་དམ་པོ་བྱུང་ནས། སློབ་མ་རྣམས་ལ་མཚོན་ན་སྣང་ཚུལ་གསར་པ་ཡིན་པའི་ཁྲིད་སྟོན་དཔེ་གཞིའི་ཕྱོགས་སུ་མྱུར་སྐྱོད་བྱས། གྲུབ་འབྲས་ནི། སློབ་མ་ཚོའི་བརྙན་ཐུང་ཁོ་ན་ཙམ་མ་ཡིན་པར་ཁོང་ཚོའི་མི་སྒེར་གྱི་གོང་འཕེལ་དང་ཡར་རྒྱས་ཀྱི་ཐད་ནས་ཀྱང་སྤྲོ་བ་སྐྱེད་ཅིང་སེམས་ཤུགས་འཕེལ་བ་ཞིག་རེད། གནས་སྟངས་འདི་ལ་ཡོངས་སུ་ཡིད་རངས་པར་བྱ་ཆེད། འདིར་ཆེད་དུ་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྨེ་བ་(ཧོང་ཡོན)རྫོང་ནས་ཡིན་ཞིང་རང་ལོ་༢༡ཅན་གྱི་སློབ་མ་ཞིག་ལ་གླེང་མོལ་བྱས་པའི་ཚན་བཤུས་ཤིག་བཀོད་ཡོད།
“ང་རང་། མིང་ལ་རབ་གསལ་ཞེས་བྱ་བའི་ས་གནས་ཚོགས་པ་ཞིག་གིས་ང་ཚོའི་སློབ་གྲྭ་རུ་རྩ་འཛུགས་བྱས་པའི་གློག་བརྙན་སྦྱོང་བརྡར་འཛིན་གྲྭ་ལ་ཞུགས་པ་ཡིན། ངས་བལྟས་ན་ལས་ཀ་དེ་ནི་ཤིན་ཏུ་དང་བ་འདྲེན་པ་ཞིག་ཡིན་པ་མ་ཟད་དེང་རབས་འཕྲུལ་ལས་ལ་བརྟེན་ནས་བོད་ཀྱི་རིག་གནས་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་ཆེན་ཞིག་ཡིན་པའང་རྟོགས། ངའི་མི་ཚེའི་དམིགས་ཡུལ་ནི་ལོ་རྗེས་མར་གསེར་རྟ་རྫོང་ནས་དཔར་སྐྲུན་ཁང་ཞིག་འཛུགས་རྒྱུ་དེ་ཡིན། གསེར་རྟ་ནི་བོད་ཀྱི་མཁས་པ་དང་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་མང་བོ་འདུས་སྡོད་བྱེད་སའི་ས་ཆ་ཧ་ཅང་གལ་ཆེན་ཞིག་ཡིན་ནའང་། ཁོང་ཚོས་དཔེ་དེབ་དཔར་སྐྲུན་བྱེད་དགོས་ཐུག་ཚེ། རང་ཉིད་ཀྱིས་འགྲོ་སོང་བཏང་སྟེ་ཉིན་རེ་ཟུང་རིང་འགྲུལ་བཞུད་བྱས་ནས་ཁྲིན་ཏུའུ་ལ་འགྲོ་དགོས་ཀྱི་ཡོད། ཁོང་ཚོ་ཁྲིན་ཏུའུ་ལ་སླེབས་པའི་དབང་དུ་བཏང་ཡང་དེར་ཁོང་ཚོར་སྐད་བརྡ་མི་འཕྲོད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། ངས་སྒོར་མོ་བསགས་རྗེས་ས་དེར་སོང་ནས་ཚོང་ལས་ཆུང་ཆུང་ཞིག་གཉེར་རྒྱུ་ཡིན།”
“སྤྱིར་དཔར་སྐྲུན་ཁང་ཞིག་འཛུགས་རྒྱུ་དེ་ངའི་མཐར་ཐུག་གི་དམིགས་ཡུལ་མིན་ནའང་། དཔར་སྐྲུན་ཁང་འདི་ལ་བརྟེན་ནས་གཅིག་ནས་རང་ཉིད་དཔལ་འབྱོར་གྱི་ཐོག་ནས་རང་མགོ་འཕེར་བ་ཞིག་ཡོང་ཐུབ་པ་དང་། གཉིས་ནས་གཞན་ལ་ཕན་འདོགས་ཐུབ་པ་རེད། དཔར་སྐྲུན་ཁང་གི་གནས་སྟངས་དང་བསྟུན་ནས་རིམ་བཞིན་ངས་མི་གླས་ཏེ་དེའི་ནང་དུ་ལས་ཀ་བྱེད་དུ་འཇུག་འདོད་ལ། འདི་ལྟར་ན་ང་ལ་བརྙན་ལེན་སྐོར་སློབ་སྦྱོང་བྱེད་པའི་དུས་ཚོད་སྟོང་བ་མང་ཙམ་ཡོད་ངེས་ཤིང་། དེ་ནི་ང་རང་ཆེས་དགའ་ས་དང་དུངས་སའི་ལས་ཞོར་བྱ་བ་ཡིན། སྤྱིར་མདུན་ཕྱོགས་སུ་དཀའ་ངལ་མང་བོ་ཡོད་ངེས་ཀྱང་། ང་ལ་རང་ཉིད་ཀྱི་རྨི་ལམ་འདི་མངོན་འགྱུར་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད། དེ་དང་ཆབས་ཅིག ངས་བོད་རིགས་གཞོན་སྐྱེས་ཚོར་ཡང་རང་ཉིད་ཀྱི་རྨི་ལམ་གྱི་རྗེས་སུ་སྙེག་པའི་སྐུལ་སློང་བྱེད་འདོད་ལ། རང་ཉིད་ཀྱི་སེམས་ནང་ནས་རིན་ཐང་འཇོག་པའི་མི་ཚེ་ཞིག་སྐྱེལ་རྒྱུ་དང་། རང་ཉིད་དང་རང་ཉིད་ཀྱི་རིག་གནས་ཀྱི་ཆེད་དུ་སྤོབས་པ་སྐྱེ་རྒྱུ་བཅས་ཀྱི་ཐད་ལའང་སྐུལ་སློང་བྱེད་འདོད་ཡོད།”
ང་ཚོས་ཤེས་གསལ་ལྟར་ན། ཁོང་གིས་རང་ཉིད་ཀྱི་རྨི་ལམ་གྱི་རྗེས་སུ་སྙེག་བཞིན་ཡོད་དོ༎