You are here

སྐུ་ཞབས་བློ་བཟང་སྨོན་ལམ་མཉམ་དུ་ཁ་བརྡ་བྱེད་པ།

འདྲི་བ། ཁྱེད་ཀྱི་་གློག་ཀླད་དང་པོ་དེ་༢༠༠༣ལོར་ཉོས་པ་ཡིན་གསུངས། ཁྱེད་གློག་ཀླད་དང་པོ་དེ་ཉོས་པ་ནས་བཟུང་ད་བར་ལ་གློག་ཀླད་ལ་འགྱུར་བ་ཇི་འདྲ་བྱུང་ཡོད་མེད་སྐོར་ཏོག་ཙམ་ངོ་སྤྲོད་གནང་རོགས། ད་ལྟ་གློག་ཀླད་ག་རེ་བེད་སྤྱོད་གཏོང་བཞིན་ཡོད་དམ།

ལན། ངས་༢༠༠༣ ལོར་གློག་ཀླད་དང་པོར་ཉོས་ནས་ད་བར་ལོ་གང་ཙམ་ཕྱིན་པ་རེད། ལོ་ངོ་དེ་དག་གི་ནང་གློག་ཀླད་མང་པོ་ཞིག་བེད་སྤྱོད་གཏོང་མྱོང་པ་མ་ཟད་མང་པོ་འཕྲོ་བརླག་ཀྱང་བཏང་ཡོད། མཉེན་ཆས་ཀྱང་འདྲ་མིན་མང་པོ་ཞིག་བེད་སྤྱོད་བཏང་མྱོང་ཡོད། གློག་ཀླད་སྲ་ཆས་དང་མཉེན་ཆས་གཉིས་ཀ་ལོ་རེ་བཞིན་ཡར་རྒྱས་མགྱོགས་པོ་ཞེ་དྲག་རེད། ལོ་ངོ་དེ་དག་གི་ནང་བོད་ཀྱི་སྐད་ཡིག་ལ་འབྲེལ་བའི་ལས་རིགས་གང་ཙམ་ཞིག་སྤྱི་ཚོགས་ཞབས་འདེགས་བྱུང་བ་གློག་ཀླད་ལ་བརྟེན་ནས་བྱུང་བ་རེད། རང་ལ་ཆ་བཞག་ན་ཉིན་རེ་བཞིན་གློག་ཀླད་མཉེན་ཆས་བཟོ་ཕྱོགས་སྐོར་ལ་སློབ་སྦྱོང་དང་ཚོད་ལྟ་བྱེད་བཞིན་ཡོད། དེང་སྐབས་གུས་པའི་གློག་ཀླད་ PC དང་ Mac གཉིས་ཀ་བེད་སྤྱོད་གཏོང་གི་ཡོད་པ་མ་ཟད་དེ་གཉིས་ཀའི་ནང་མཉེན་ཆས་འདྲ་མིན་བཟོ་བར་འབད་བརྩོན་བྱེད་བཞིན་ཡོད། དེང་སང་ཁ་པར་དང་ Tablet སོགས་མི་འདྲ་བ་མང་པོ་ཞིག་ཁྲོམ་རའི་ནང་ཐོན་པ་དང་སྐད་ཡིག་དང་འབྲེལ་བ་ཆེན་པོ་ཡོད་དུས། དེ་ཚོའི་ནང་ལའང་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་བཟོ་བར་འབད་ཀྱིན་ཡོད། དེང་སང་འགྱུར་བ་ཆེ་ཤོས་ཤིག་ནི། གློག་ཀླད་ལས་ཁ་པར་ Tablet རིགས་མི་འདྲ་བ་མང་པོ་ཞིག་མི་མང་ནང་ཁྱབ་ཆེན་པོ་དང་བེད་སྤྱོད་སྟབས་བདེར་གྱུར་ཡོད། དེར་བརྟེན་མཉེན་ཆས་ཀྱང་རིགས་མང་པོ་བཟོ་དགོས་པ་རེད། ང་ལ་མཚོན་ན་མཉེན་ཆས་བཟོ་བའི་སྐད་བརྡ་མང་པོ་ཤེས་དགོས་དུས་དཀའ་ལས་ཁག་པོ་འདུག

འདྲི་བ། ཁྱེད་ལ་འཕྲུལ་རྩལ་གྱི་ཐོག་ལ་བྱིས་པའི་སྐབས་ཀྱི་དྲན་ཚོར་དེ་འདྲ་ཡོད་དམ། དཔེར་ན། ཁྱེད་ཆུང་ངུའི་སྐབས་ཀྱི་རྩེད་ཆས་དགའ་ཤོས་དེ་གང་ཡིན་ནམ།

ལན། ང་ཆུང་དུས་ནས་འཕྲུལ་ཆས་དང་རི་མོ་འབྲི་རྒྱུར་ཧ་ཅང་དགའ་བོ་ཡོད། དེར་བརྟེན་ཆུང་དུས་རི་མོ་མང་པོ་སྦྱངས་མྱོང་ཡོད། འཕྲུལ་ཆས་ནི་ཆེས་དགའ་སའི་དངོས་པོ་ཞིག་ཡིན། ང་ཆུང་ཆུང་སྐབས་བོད་ལུང་པར་དཔལ་འབྱོར་གནས་སྟངས་སྐྱོ་བོ་རེད། རྩེད་ཆས་འདྲ་མིན་ཉོ་ཐུབ་ཀྱི་མེད། དེར་བརྟེན་ཆུང་ཆུང་སྐབས་སུ་ཤིང་གིས་རླངས་འཁོར་དང་སྦག་སྦག་དེ་འདྲ་བཟོས་ཏེ་འཕྲུལ་ཆས་ཡིན་བསམ་ནས་རྩེད་མོ་རྩེ་མྱོང། ལྷག་པར་ཆུང་ཆུང་སྐབས་ལ་ FM mic ཅིག་གསར་བཟོ་བྱས་མྱོང་ཡོད། དེ་ནི་ང་ཆུང་དུས་བཟོས་པའི་འཕྲུལ་ཆ་ཡག་ཤོས་ཤིག་ཡིན། དེ་མིན་ཉི་གདུགས་བཟོས་ཏེ་རི་སྒང་ནས་མཆོང་མྱོང་ཡང་ཡོད། འདྲི་བ། དེང་སང་ཁྱེད་རང་སྨྱུ་གུ་བེད་སྤྱོད་གཏོང་གི་ཡོད་དམ། ཁྱེད་རང་ཡིག་གཟུགས་ཀྱི་སྒྱུ་རྩལ་ལ་སྦྱངས་པ་ཐོན་པ་ཡིན་སྟབས། དེང་སང་ཡིག་གཟུགས་འབྲི་འམ།

ལན། དེང་སང་ཉིན་རེའི་དགོས་མཁོའི་ཡིག་ཆ་གང་ཙམ་སྨྱུ་གུས་བྲིས་པ་ལས་མང་ཆེ་བ་ཞིག་གློག་ཀླད་ནང་འབྲི་གི་ཡོད། ཡིན་ན་ཡང་ང་ཧ་ཅང་སྨྱུ་གུས་འབྲི་བར་དགའ་བོ་ཡོད།

འདྲི་བ། སྨོན་ལམ་ཡིག་གཟུགས་དང་པོ་མ་འཐོན་གོང་། བོད་ཡིག་ཐོག་ལ་གློག་ཀླད་བྱེད་སྤྱོད་གཏོང་བའི་དཀའ་ངལ་གཙོ་བོ་དེ་གང་ཡིན་ནམ།

ལན། སྨོན་ལམ་དང་པོ་མ་ཐོན་གོང་སྤྱིར་བཏང་གི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་ཉུང་ཉུང་རེད། དེའི་སྔོན་ལ་གློག་ཀླད་ནང་དབུ་མེད་ཡིག་གཟུགས་ཡོད་པ་མཐོང་མ་མྱོང་། ངས་ཀྱང་སྐབས་དེར་དབུ་མེད་བཟོ་བར་འབད་བརྩོན་གཙོར་བཟུང་བྱས་ཡོད། དེ་མིན་སྔགས་ཡིག་སྐོར་ལ་དཀའ་ལས་འདུག སྐབས་དེར་སྔགས་ཡིག་ཡོད་མཁན་གྱི་མཉེན་ཆས་ཡོད་ནའང་རིན་མེད་སྔགས་ཡིག་འདོགས་ཐུབ་མཁན་དཀོན་པོ་རེད།

འདྲི་བ། འདས་པའི་ལོ་ལྔའི་རིང་བོད་ཡིག་ཐོག་ལ་འཕྲུལ་རྩལ་གྱི་རིག་གཞུང་དེར་འགྱུར་བ་གང་ཕྱིན་ཡོད་དམ། བོད་པའི་སྤྱི་ཚོགས་ནང་དེང་སང་གློག་ཀླད་བཀོལ་མཁན་ག་ཚོད་ཙམ་ཡོད་དམ།

ལན། འདས་པའི་ལོ་ངོ་དེ་དག་ནང་བོད་ཡིག་ཐོག་ལ་འགྱུར་བ་གང་ཙམ་ཕྱིན་ཡོད། བོད་ཡིག་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་དར་ཁྱབ་བྱུང་བར་བརྟེན་བོད་ཕྱི་ནང་གཉིས་ཀ་གཅིག་གྱུར་དང་། ཡིག་གཟུགས་ལའང་སྔོན་མ་དང་བསྡུར་ན་གྲངས་ཀ་དང་ནུས་པ་སྤུས་ཀ་བཅས་ཡར་རྒྱས་གང་ཙམ་ཕྱིན་ཡོད། ཡིག་གཟུགས་རྙིང་བ་ཁག་བརྗེ་སྒྱུར་བཅས་ཀྱི་ཐད་ལ་ཡར་རྒྱས་ཕྱིན་ཡོད། ལྷག་པར་དྲ་ཐོག་དུ་ལོ་ངོ་འདི་དག་བོད་ཡིག་གི་རྣམ་པ་མངོན་གསལ་དོད་པོའི་ཡར་རྒྱས་ཕྱིན་འདུག འོན་ཀྱང་ཁྱོན་ཡོངས་ནས་བལྟས་ན་ད་དུང་རྗེས་ལུས་རེད། དེ་མིན་ཚིག་མཛོད་དང་ཞུ་དག་གཏོང་བྱེད་བརྡ་སྤྲོད་འགྲོ་སྟངས་ཡི་གེ་ཀློག་འདོན་བཅས་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་ཐད་ནས་ཧ་ཅང་རྗེས་ལུས་རེད། དེང་སང་ཡི་གེའི་ལས་ཀ་ལས་མཁན་ཞིག་ཡིན་ཕྱིན་ཕལ་ཆེ་བས་གློག་ཀླད་བེད་སྤྱོད་གཏོང་གིན་འདུག ཡིན་ཡང་སྤྱི་ཡོངས་ནས་བཤད་ན་གློད་ཀླད་བེད་སྤྱོད་གཏོང་བའི་རྒྱུན་ཤེས་ཐད་ནས་སྐྱོ་བོ་རེད། དེར་བརྟེན་ཉེ་སྔོན་རྡ་སར་བོད་ཡིག་དཔེ་དེབ་དང་དུས་དེབ་ཚགས་ཤོག་སྒྲིག་སྟངས་བཅས་ཀྱི་ཐད་ལ་ཟབས་སྦྱོང་གོ་སྒྲིག་བྱས་པ་ཡིན། སྐབས་དེར་རྒྱ་གར་བལ་ཡུལ་བཅས་ཀྱི་ཚོགས་སྡེ་ཁག་༤༢ ཀྱི་རྩོམ་སྒྲིག་དང་དཔེ་དེབ་ཇུས་འགོད་མཁན་ ༨༢ འཛོམས་ཡོད། ཉིན་བདུན་རིང་ཚོགས་པ་ཡིན། སྤྱི་ཚོགས་ནང་གློག་ཀླད་བེད་སྤྱོད་གཏོང་བ་ལས་སྟབས་བདེའི་འགྲོ་སྟངས་ཤེས་མཁན་དཀོན་པོ་རེད།

འདྲི་བ། ཁྱེད་ཀྱི་གསུངས་པར་སྨོན་ལམ་ཐོན་བཞི་པའི་ནང་ལ་ཡིག་གཟུགས་གསར་པ་འགའ་ཤས་འདོན་རྒྱུ་ཡིན་སྟབས། དེ་དག་ད་ལྟ་ཐོན་ཡོད་དམ། ཐོན་བཞི་པ་དེ་སྔོན་མ་དང་མི་འདྲ་བ་གང་ཡོད་དམ།

ལན། སྨོན་ལམ་བཞི་པའི་ཡིག་གཟུགས་གསར་བ་འགའ་གསར་བཟོ་བྱེད་ཀྱིན་ཡོད། ད་དུང་ཕྱིར་ཐོན་མེད། རྒྱུ་མཚན་ནི་ཡིག་གཟུགས་ཐད་ཞིབ་འཇུག་བྱ་དགོས་པ་མང་པོ་ཞིག་འདུག དེ་མིན་སྨོན་ལམ་བཞི་བའི་ནང་རི་མོ་སྣ་ཚོགས་དཔེར་ན། Wingdings ལྟ་བུའི་བོད་དང་འབྲེལ་བའི་མཚོན་རྟགས་མང་པོ་ཞིག་གསར་བཟོ་བྱེད་ཀྱིན་ཡོད།

འདྲི་བ། སྨོན་ལམ་སྤྱི་སྐད་ཀྱི་མཉེན་ཆས་ལས་གཞི་དེ་ད་ལྟ་ཇི་འདྲ་ཡོང་བཞིན་ཡོད་དམ། ད་བར་དམིགས་བསལ་གྱི་འགྱུར་བ་གསར་པ་འདྲ་ཨེ་ཡོད།

ལན། སྨོན་ལམ་སྤྱི་སྐད་ལ་འགྱུར་བ་བཏང་སྟེ་གློག་ཀླད་རང་ངོས་ནས་ཡི་གེ་ཀློག་ཐུབ་པ་ཞིག་ལ་འབད་བཞིན་ཡོད། གལ་ཏེ་ལེགས་འགྲུབ་བྱུང་ཚེ་མིག་ལ་ཕན་ཐོག་ཆེ་བ་མ་ཟད། མིག་ལོང་དག་ལ་ཕན་ཐོག་ཆེན་པོ་ཞིག་ཡོང་ངེས་ཡིན། སྐད་གདངས་སྒྲིག་སྟངས་ཐད་ཞིབ་འཇུག་བྱེད་བཞིན་ཡོད།

འདྲི་བ། ༢༠༡༡ལོར་ཁྱེད་ཀྱིས་གསུངས་པར། བོད་ཡིག་གིས་གློག་ཀླད་མ་ལག་གློག་འཕྲུལ་ཐོག་ལ་བཀོལ་རྒྱུའི་ནུས་པ་དེ་བརྒྱ་ཆ་༥ལས་ཟིན་གྱི་མེད་གསུངས། དེ་ད་ལྟ་འགྱུར་བ་ཕྱིན་ཡོད་དམ།

ལན། ༢༠༡༢ལོའི་ཕྱི་ཟླ་༤པའི་ནང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ཞེས་པ་ང་སྒེར་གྱི་ལས་ཁུངས་ཤིག་རྡ་སར་བཙུགས་ཡོད། ད་ལྟ་ང་ལས་ཀ་བྱེད་མཁན་མི་དགུ་ཙམ་ཡོད། ལས་གཞི་གལ་ཆེ་གསུམ་དངོས་སུ་འགོ་བཙུགས་ཡོད། ༡ ཚིག་མཛོད་ལས་གཞི། ༢ བརྡ་སྤྲོད་ལས་གཞི། ༣ སྒྲ་གདངས་ཞིབ་འཇུག་ལས་གཞི་བཅས་རེད། ཡི་གེ་ཞུ་དག་གཏོང་བར་སྔོན་ལ་ཚིག་མཛོད་སྤུས་ལེགས་བོད་ཀྱི་ཐ་སྙད་ཡོངས་ཚང་བ་ཞིག་དགོས་པ་མ་རྩ་རེད། དེར་བརྟེན་ཚིག་མཛོད་ཆེན་པོ་ཞིག་སྒྲིག་བཞིན་ཡོད། ཡི་གེ་ཞུ་དག་གཏོང་བྱེད་ཀྱི་མཉེན་ཆས་ལ་ཆ་བཞག་ན་ཚེག་བར་གཅིག་ཅན་གྱི་ཡི་གེ་ཞུ་དག་གཏོང་ཐུབ་ཀྱི་ཡོད། ཡིན་ནའང་དེས་བོད་ཡིག་ཐ་སྙད་ཡོངས་ལ་ཞུ་དག་གཏོང་ཐུབ་ཀྱི་མེད། བོད་ཡིག་གི་འགྲོ་སྟངས་ནི་ཐ་སྙད་གཅིག་ལ་ཚེག་བར་གཉིས་དང་ཡང་ན་གསུམ་ཅན་མང་བའི་དཀའ་ལས་ཁག་པོ་འདུག ཞིབ་འཇུག་བྱེད་བཞིན་པ་ཡིན།

འདྲི་བ། ད་ལྟ་ཚིག་མཛོད་ཀྱི་ལས་གཞི་འདིའི་ཇི་འདྲ་འཕེལ་རྒྱས་བྱུང་ཡོད་དམ། ཁྱེད་ལ་མཉེན་ཆས་འདི་དྲ་རྒྱའི་ཐོག་ནས་ཐད་ཀར་བཀོལ་ཐུབ་པ་བཟོ་རྩིས་ཡོད་དམ། ཁྱེད་ནས་ཀུ་ཤུ་ཚོང་ཁང་དང་གྷོ་གྷུལ་གཉིས་ལ་དེའི་སྐོར་སྐད་ཆ་ཤོད་ཨེ་མྱོང་།

ལན། ཚིག་མཛོད་ལ་ཆ་བཞག་ན། ཡར་རྒྱས་ཡག་པོ་ཕྱིན་ཡོད། ད་ཆ་སྨོན་ལམ་ཚིག་མཛོད་ཀུ་ཤུ་དང་། སྐར་ཁུང་རྟགས་ཅན་གཉིས་གའི་ནང་བེད་སྤྱོད་ཐུབ་པ་མ་ཟད་ཨན་ཌོ་མ་ལག་ལའང་འགྲོ་ཐུབ། མི་འགྱང་བར་ཀུ་ཤུ་ཁ་པར་ནང་བེད་སྤྱོད་གཏོང་ཐུབ་ཀྱི་རེད། སྨོན་ལམ་ཚིག་མཛོད་༡.༡ ཟླ་འདིའི་ཚེས་༢༠ ལ་ཕྱིར་འགྲེམ་སྤེལ་བྱ་རྩིས་ཡོད། ཐོན་སྔོན་མ་དང་བསྡུར་ན་མགྱོགས་ཚད་དང་ཡི་གེའི་དག་ཆ་འཕྲུལ་ལས་ཀྱི་ནུས་རྩལ་གང་ཐད་ནས་ཡར་རྒྱས་ཕྱིན་ཡོད། སྨོ་ལམ་ཀུན་བཏུས་ཚིག་མཛོད་ཆེན་མོ་ཞེས་པའི་ཚིག་མཛོད་ཆེན་མོ་ཞིག་སྒྲིག་བཞིན་ཡོད། ཚིག་མཛོད་དེའི་ནང་བོད་ཀྱི་ཆོས་དང་རིག་གཞུང་ཆ་ཚང་བ་ཞིག་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད། ཚིག་མཛོད་དེའི་སྒྲོམ་གཞིའི་ཆ་ནས་ཀྱང་དེང་རབས་ཚད་ལྡན་ཚིག་མཛོད་ཁག་གི་འགྲོ་སྟངས་ལྟར་བསྒྲིགས་པ་མ་ཟད། དེའི་སྐོར་ལ་ཞིབ་འཇུག་མང་པོ་བྱས་ཡོད། དེ་བཞིན་ཆོས་ལུགས་ཀྱི་ཐ་སྙད་གཅིག་ལ་འགྲེལ་སྟངས་མི་འདྲ་བ་མང་པོ་ཡོད་དུས། ང་ཚོས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ལ་འབོད་སྐུལ་ཞུས་པར་བརྟེན་ད་ཆར་ཆོས་བརྒྱུད་ཁག་སོ་སོར་ཆོས་ལུགས་དང་འབྲེལ་བའི་རྩོམ་སྒྲིག་ཁང་བཙུགས་ཡོད། ཕལ་ཆེར་རྩོམ་སྒྲིག་པ་མི་སྣ་༥༠ ལྷག་ཡོད། དེ་ནས་བོད་ཀྱི་ཡུལ་ལུང་སོ་སོའི་མི་སྣ་ཁག་དང་འབྲེལ་བ་བྱས་སྟེ་ཡུལ་སྐད་བསྡུ་ལེན་གྱི་ལས་གཞི་ཞིག་འཆར་འགོད་བྱེད་བཞིན་ཡོད། རྒྱས་པ་www.monlamit.org ལ་གཟིགས་རོགས་གནང་། ངས་ཐད་ཀར་གྷོ་གྷུལ་དང་ཀུ་ཤུ་ལས་ཁུངས་ལ་སྐད་ཆ་བཤད་མྱོང་མེད། གལ་ཏེ་གོ་སྐབས་བྱུང་ན་དགའ་སྤོབས་དང་བཅས་འབྲེལ་བ་ཞུ་གི་ཡིན། ང་གྲྭ་རྐྱང་ཞིག་ཡིན་དུས་དེ་ཚོར་འབྲེལ་བ་བྱེད་ཁག་པོ་འདུག

འདྲི་བ། ཁྱེད་ནས་སྨོན་ལམ་མཉེན་ཆས་དག་རིན་མེད་ལ་མང་ཚོགས་ལ་མཁོ་སྤྲོད་གནང་ཡོད། ཁྱེད་ནས་འདི་ལྟར་བྱེད་དགོས་པའི་ཐོག་མའི་ཀུན་སློང་དང་། དགོས་པ། དེ་བཞིན་མང་ཚོགས་ལ་ཕན་ཐོགས་བྱུང་རྗེས་ཁོང་ཚོའི་བསམ་ཚུལ་སོགས་ཀྱི་སྐོར་ལ་ཏོག་ཙམ་གསུངས་རོགས།

ལན། དེང་སྐབས་བོད་ཀྱི་སྐད་ཡིག་འདི་རྒྱུ་རྐྱེན་མང་པོ་ལ་བརྟེན་ནས་མཇུག་རྫོགས་ལ་ཉེ་བ་རེད། སྐད་ཡིག་མེད་པ་ཆགས་ན་དེ་བོད་པ་གཅིག་པུ་མིན་པར་འཛམ་གླིང་ལ་གྱོང་རེད། བོད་ཀྱི་སྐད་ཡིག་ནང་སྔོན་བྱོན་མཁས་པ་མང་པོོས་རྔུལ་ནག་ལས་བྱུང་བའི་རིག་གཞུང་ཕུན་སུམ་ཚོགས་པ་མང་པོ་ཡོད། སྐད་ཡིག་བརླག་ན་རིག་གཞུང་དེ་ཚོ་མེད་པ་ཆགས་རྒྱུ་རེད། དེ་མིན་བོད་མི་རིགས་ཀྱི་སེམས་ཁམས་ངོ་མ་དེ་ཡང་མེད་པ་འགྱུར་ངེས་རེད། དེ་མྱུར་སྐྱོབ་བྱ་དགོས་ན་ངེས་པར་བརྡ་འཕྲིན་རྒྱུད་ལམ་ལ་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས། ཁོར་ཡུག་སྐྲུན་པར་ཚོང་བརྒྱབ་ནས་ཡོང་གི་མ་རེད། རྒྱུ་མཚན་ནི་བོད་ཡིག་བེད་སྤྱོད་གཏོང་མཁན་མང་པོ་ཞིག་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད། དེར་བརྟེན་གུས་པས་བཟོས་ཟིན་པ་དང་བཟོ་འགྱུར་ཚང་མ་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད། ང་ལ་དགོས་པ་ནི་བོད་ཀྱི་སྐད་ཡིག་ཡུན་གནས་ཐུབ་པ་དེ་རེད། དེར་བརྟེན་བོད་ཕྱི་ནང་གཉིས་སུ་བེད་སྤྱོད་གཏོང་མཁན་མང་པོ་ཡོད་པ་མ་ཟད་ཕན་ཐོགས་ཆེན་པོ་བྱུང་ཡོད། རིམ་བཞིན་ཡར་རྒྱས་དང་རྒྱ་ཆེ་རུ་གཏོང་རྩིས་ཡོད། བོད་ཕྱི་ནང་གི་བོད་མི་དང་། བོད་ཡིག་ལ་དགའ་མཁན་མང་པོ་ཞིག་གིས་དགའ་བོ་དང་ཡིད་ཆེས་བྱེད་ཀྱིན་འདུག རིམ་བཞིན་ཡར་རྒྱས་མུ་མཐུད་དགོས་པའི་ལམ་སྟོན་མཁན་མང་པོ་འདུག

འདྲི་བ། ཁྱེད་ཀྱི་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་གནང་བཞིན་པ་དེར་ཡར་རྒྱས་ཇི་འདྲ་ཡོང་ངམ། དབྱིན་ཇིའི་སྐད་ཡག་ཤེས་པ་དེས་ཁྱེད་ཀྱི་ལས་ཀར་འགྱུར་བ་གང་འདུག་གམ།

ལན། ངའི་དབྱིན་ཡིག་ཟླ་དྲུག་ཙམ་རིང་སྦྱངས་ཁུལ་ཡིན། ཡིན་ནའང་ཡག་པོ་ཞིག་ཤེས་མ་སོང་། སྔོན་དང་བསྡུར་ན་ཅུང་ཙམ་ཡར་རྒྱས་ཕྱིན་འདུག དེ་ཡང་གཙོ་བོ་སྐད་ཆ་བཤད་རྒྱུའི་སྐོར་རེད། གློག་ཀླད་ལས་རིགས་ཀྱི་དེབ་མང་ཤོས་དབྱིན་ཡིག་ཡིན་དུས་དབྱིན་ཡིག་གལ་ཆེན་རེད། ཡིན་ནའང་དེབ་ནང་ང་ལ་དགོས་པ་གང་ཙམ་ཧ་གོ་གི་འདུག དེ་མིན་མཉེན་ཆས་བཟོ་སྐྲུན་ཁང་ཁག་ལ་འབྲེལ་བ་བྱ་རྒྱུ་དེ་རེད། ཡིན་ཡང་ད་ལྟའི་ཆར་ངའི་དབྱིན་ཡིག་གི་ཤེས་ཚད་ཀྱིས་ལས་ཀ་དེ་བྱེད་ཐུབ་ཀྱི་མི་འདུག འདྲི་བ། ཁྱེད་ཀྱི་མཉེན་ཆས་རྣམས་ཇི་ལྟར་འགྲེལ་སྤེལ་ཞུ་འམ། ལན། མཉེན་ཆས་ཁག་ནི་www.monlamit.org དང་དེ་བཞིན་བོད་ཕྱི་ནང་གི་དྲ་རྒྱ་མང་པོ་ཞིག་གི་སྟེང་སྨོན་བོད་ཡིག་སོགས་བཞག་འདུག་པས་དེ་ནས་ལེན་ཐུབ། དེ་མིན་འོད་སྡེར་བཟོས་ཏེ་མི་སྒེར་བཅས་བརྒྱུད་ནས་ང་ཚོས་གང་ཡོང་འགྲེམ་སྤེལ་ཞུ་བཞིན་ཡོད།