You are here

ཚེག་བར་གྱི་སྒྲིག་གཞི་སྒྱུར་བ།

འདས་པའི་ལོ་ངོ་ཁ་ཤས་ཀྱི་ནང་དུ། ལོ་ངོ་བཅུ་ཕྲག་འགའི་རིང་ལ་འཁོར་སྐྱོད་བྱས་པའི་བོད་ཡིག་གི་འབྲི་སྟངས་ཐད་ལ་སྒྱུར་བཅོས་བྱེད་དགོས་པའི་བསམ་ཚུལ་དེ་བོད་ཀྱི་ཤེས་ལྡན་པའི་ཁྲོད་དུ་ཤུགས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད། སྒྱུར་བཅོས་བྱེད་པའི་བསམ་ཚུལ་འདོན་མཁན་ཚོས་ལོ་ངོ་༡༤༠༠ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཡིག་གི་ཚེག་བར་སྒྲིག་གཞི་རྩ་གཏོར་བྱས་ནས་བོད་ཡིག་གི་མིང་ཚིག་གི་བར་དུ་བར་སྟོང་འཇོག་དགོས་པའི་བསམ་ཚུལ་འདོན་གྱི་ཡོད། སྒྱུར་བཅོས་པ་ཚོའི་ཟེར་སྟངས་ཡིན་ན། མིང་ཚིག་གི་བར་དུ་བར་སྟོང་བཞག་པ་ཡིན་ན་བོད་ཡིག་ཀློག་སྟངས་སྟབས་བདེ་ཆེན་པོ་འབྱུང་བ་མ་ཟད། བོད་ཡིག་དེ་གྲངས་ཀའི་ལག་རྩལ་གྱི་ཐོག་ཏུ་ཧ་ཅང་རྒྱུགས་བདེ་བོ་ཆགས་རྒྱུ་ཡིན་ལ། དེ་ལྟར་བྱུང་བ་ཡིན་ན་མི་རབས་གསར་པའི་ཁྲོད་དུ་བོད་ཡིག་སྦྱོང་བའི་སྤྲོ་བ་ཇེ་ཆེར་འགྲོ་རྒྱུ་རེད་ཟེར། འོན་ཀྱང་། སྒྱུར་བཅོས་ལ་ངོ་རྒོལ་བྱེད་མཁན་ཚོས་ཟེར་ན། གཅིག་ནས་འདི་ལྟ་བུའི་སྒྱུར་བཅོས་ཤིག་དགོས་དོན་མེད་ལ། གཉིས་ནས་འདི་ལྟ་བུའི་ཐོད་བརྒལ་གྱི་འགྱུར་བཅོས་ཀྱིས་བོད་ཀྱི་རིག་གནས་ཀྱི་ཁང་བཟང་འདེགས་བྱེད་ཀྱི་ཀ་བ་ལྟ་བུ་འདིར་གནོད་སྐྱོན་གཏོང་བར་སེམས་ཁྲལ་འདུག་ཟེར།

སྤྱི་ཟླ་༧ཚེས་༡༠ཉིན། བོད་ཡིག་འབྲི་སྟངས་ཐད་བཅོས་སྒྱུར་གཏོང་དགོས་པའི་བསམ་ཚུལ་ཐད་རྒྱབ་སྐྱོར་དང་ངོ་རྒོལ་ཅི་ཡོད་འཚོལ་མྱུལ་བྱ་ཆེད། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གིས་ཁ་བྱང་དུ་“ཚེག་བར་གྱི་སྒྲིག་གཞི་གཏོར་བ། བོད་ཡིག་འབྲི་སྟངས་ཐད་ཀྱི་བསམ་ཚུལ་གསར་པར་ཞིབ་དཔྱོད།” ཅེས་པའི་བགྲོ་གླེང་ཚོགས་འདུ་བསྡུས།

སྤྱི་ལོའི་དུས་རབས་༧པའི་ནང་དུ། བོད་རྒྱལ་སྲོང་བཙན་སྒམ་པོས་བློན་པོ་བདུན་རྒྱ་གར་དུ་མངགས་པ་དང་། དེར་ཁོང་ཚོས་སམ་སྐྲི་ཏའི་སྐད་ཡིག་དང་པྲ་ཀི་ཏིའི་སྐད་ཡིག་འབྲི་བར་སྤྱོད་པའི་ཟམ་ཟེའི་ཡི་གེ་དང་གུཔ་ཏའི་ཡི་གེ་སྦྱངས། ཡི་གེའི་གཞུང་ལུགས་འདི་གཉིས་ཀྱི་ཤུགས་རྐྱེན་འོག་འཕྲུལ་བློན་ཐོན་མི་སམ་བྷོ་ཊས་ཀ་ཤི་མིར་གྱི་རི་བོའི་ཁྲོད་ནས་བོད་ཡིག་གི་ཡིག་གཟུགས་གསར་དུ་བཟོས་པར་གྲགས། ལོ་ངོ་བཅུ་ཕྲག་གཉིས་མ་ཟིན་ཙམ་གྱི་ནང་དུ། ཁོང་གིས་གསར་དུ་གཏོད་པའི་གཞུང་ལུགས་འདི་ནུབ་པཱ་ཀི་སི་ཋན་གྱི་བྷལ་ཏི་སི་ཋན་ནས་བོད་ཡུལ་མཐོ་སྒང་གི་ཤར་སྣེ་བར་དུ་ལག་ལེན་བྱས་ཏེ་དར་སྤེལ་བྱུང་ཡོད།

སྐད་ཡིག་གཞན་པ་མང་བོ་ཞིག་དང་མི་འདྲ་བར་བོད་ཡིག་གི་ནང་དུ་དུམ་མཚམས་ཚང་མ་ཚིག་ཕྲེང་མ་བཅད་པར་འབྲི་ལ། སྒྲ་ཚིགས་ཀྱི་བར་དབྱིན་ཡིག་སོགས་ཀྱི་ནང་གི་གོང་ཚེག་དང་འདྲ་བའི་ཚེག་ཅེས་པ་ཞིག་གིས་གཅོད་ཀྱི་ཡོད། འགའ་རེས་བལྟས་ན་བོད་ཡིག་འབྲི་ཐབས་ཀྱི་ཐུན་མིན་གྲུབ་ཆ་འདི་ནི། སྤྱིར་བོད་པ་ཡོངས་དང་ལྷག་པར་དུ་བོད་པའི་གཞོན་སྐྱེས་ཚོའི་ཁྲོད་དུ་བོད་ཡིག་བེད་སྤྱོད་གཏོང་རྒྱུ་ཇེ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་སྙམ་གྱི་ཡོད། ཤེས་ལྡན་པ་ཚོས་ཚོད་དཔག་བྱས་པ་ཡིན་ན། ཚིག་ཕྲེང་རིང་དྲགས་པ་དང་མིང་ཚིག་ཕན་ཚུན་མ་འདྲེས་པར་ངོས་འཛིན་བྱེད་མི་བདེ་བ་སོགས་ཀྱིས་ཡི་གེའི་དོན་རྟོགས་པར་བཀག་རྒྱ་ཐེབས་ཀྱི་ཡོད་ལ། གནད་དོན་དེས་མི་ཚོར་བོད་ཡིག་ཀློག་པ་དང་འབྲི་བར་སུན་སྣང་སྐྱེ་རུ་འཇུག་གི་ཡོད་ཟེར། བོད་ཡིག་དྲ་ཐོག་གླེང་སྟེགས་ཁ་བརྡ་ཞེས་པའི་ཟིན་བྲིས་ཀྱི་རྩོམ་སྒྲིག་པ་རིག་འབྱུང་དོན་འགྲུབ་བཀྲ་ཤིས་ཀྱིས། བོད་རིགས་གཞོན་སྐྱེས་ཚོའི་སུན་སྣང་འབྱུང་རྐྱེན་ངོ་སྤྲོད་གནང་དོན། “བོད་པ་ཚོས་ཚིག་ཕྲེང་གཅིག་གིས་ཤོག་ངོས་གཅིག་ཁེབས་པར་བྱེད་པའི་ཚིག་གྲུབ་ཀྱང་འབྲི་སྲིད་ལ། གལ་སྲིད་དེ་ལྟར་ན། དེའི་གོ་བ་ཇི་ལྟར་ལོན་སྲིད་དམ།”

གཏམ་བཤད་མཁན་རེ་རེས་གནད་དོན་སེལ་ཆེད་སྒྱུར་བཅོས་ཐད་རང་ཉིད་ཀྱི་བསམ་ཚུལ་བཏོན། བསྟན་འཛིན་བདེ་སྐྱིད་ནི་གྲོང་ཁྱེར་ནེའུ་ཡོག་ཏུ་བཅའ་སྡོད་བྱས་པའི་ཟིན་བྲིས་པ་གྲགས་ཅན་ཞིག་ཡིན་ལ། ཁོ་མོའི་བསམ་ཚུལ་ནི་བོད་ཡིག་གི་མིང་ཚིག་རེ་རེའི་བར་དུ་བར་སྟོང་གིས་བཅད་དེ་ཚིག་ཕྲེང་གི་རྒྱུན་ཐག་གཏོར་བར་བྱེད་རྒྱུ་དེ་རེད། ཁོ་མོས་བཤད་རྒྱུར། “མིང་ཚིག་གི་བར་དུ་བར་སྟོང་གིས་བཅད་པ་ཡིན་ན། ཁྱེད་ཀྱིས་ཡི་གེ་ཀློག་སྐབས་དེ་མ་ཐག་ཏུ་མིང་ཚིག་རེ་རེ་ངོས་ཟིན་པ་ཡིན་པས་ཡི་གེའི་གོ་བ་ལོན་ཚད་ཏན་ཏན་མཐོ་རུ་འགྲོ་ངེས་ཏེ། རྒྱུ་མཚན་ནི་དེ་ལྟར་ན་ཡི་གེའི་ཁ་ཇེ་གསལ་དང་རྙོག་འཛིང་ཇེ་ཉུང་དུ་ཕྱིན་པ་རེད།” ཁོ་མོས་བཤད་ན། སྐད་བརྡ་རིག་པ་བ་ཚོས་ཞིབ་འཇུག་འདྲ་མིན་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། བར་སྟོང་མེད་པའི་འབྲི་སྟངས་ནི་བར་སྟོང་ཡོད་པའི་འབྲི་སྟངས་དང་བསྡུར་ན་མི་ཚོས་བསྐྱུར་སྲིད་པའི་ཉེན་ཁའི་ཚད་མཐོ་ཟེར། ཁོ་མོས་དབྱིན་ཡིག་རྙིང་མ་དཔེ་མཚོན་དུ་དྲངས་ཤིང་། དབྱིན་ཡིག་རྙིང་མའི་ནང་དུ་དུས་རབས་༡༢པར་མ་སླེབས་བར་དུ་ཚིག་བར་དུ་བར་སྟོང་འཇོག་གི་མེད་ལ། རྗེས་སོར་ཚིག་བར་དུ་བར་སྟོང་བཞག་པའི་དབང་གིས་དབྱིན་ཡིག་འབྲི་སྟངས་དང་ཀློག་སྟངས། མཐའ་ན་ཀློག་པ་བོས་རང་ཉིད་ཀྱི་སྐད་ཡིག་གི་ཐོག་ཏུ་བཟུང་བའི་ལྟ་ཚུལ་ཚུན་ཆད་ལ་འགྱུར་བ་ཐེབས་ཏེ། སྐད་ཡིག་གི་ནང་དུ་ཟིང་ཆ་ཆེན་པོ་བསླངས། སྒྱུར་བཅོས་འདི་བཏང་ཚུན་ནས་མིང་ཚིག་དེ་རིམ་བཞིན་གོ་དོན་གྱི་རྨང་གཞིའི་གྲུབ་ཆ་ཞིག་ཏུ་གྱུར།

འདས་པའི་ལོ་ངོ་ལྔ་བཅུའི་ནང་དུ། གྲངས་ཀའི་ལག་རྩལ་གཙོ་ཆེ་བ་ཚང་མ་མིང་ཚིག་བར་སྟོང་གིས་བཅད་པའི་ཡིག་རིགས་སྤྱོད་མཁན་གྱིས་ཐོན་སྐྱེད་བྱས་ཡོད་ལ། དེ་ལྟར་ན་བོད་ཡིག་གི་མིང་ཚིག་བར་སྟོང་གིས་བཅད་པ་ཡིན་ན་བོད་ཡིག་དེ་རྩིས་འཕྲུལ་དུ་སྤྱོད་བདེ་བར་འགྱུར་རྒྱུ་རེད། བསྟན་འཛིན་བདེ་སྐྱིད་ཀྱིས་ཟེར་ན། “མིང་ཚིག་རྣམས་བར་སྟོང་གིས་བཅད་པ་ཡིན་ན། རྩིས་འཕྲུལ་གྱིས་མིང་ཚིག་རྣམས་ངོས་ཟིན་རྒྱུ་ཡིན་ལ། གལ་སྲིད་དེ་ལྟར་བྱུང་བ་ཡིན་ན། མ་འོངས་པར་བོད་རིགས་རྣམ་དཔྱོད་ཅན་ཚོས་མིང་ཚིག་ཞུ་དག་དང་གྲངས་བགྲང་གི་ཡོ་ཆས་བཟོ་བར་སྟབས་བདེ་འབྱུང་ངེས།” ཁོ་མོའི་ལྟ་ཚུལ་ཡིན་ན་མིང་ཚིག་བར་སྟོང་གིས་བཅད་པ་ཡིན་ན་དེས་བོད་ཡིག་གི་ནང་དུ་སློབ་གསོ་སྤྲོད་པར་མཐུན་རྐྱེན་བསྐྲུན་ངེས། “དེ་ལྟར་ན་བོད་པ་ཚོས་བོད་ཡིག་གི་དཔལ་འབྱོར་རིག་པའི་སློབ་དེབ་བམ་ཡང་ན་བོད་ཡིག་གི་རྫས་འགྱུར་རིག་པའི་སློབ་དེབ་ཀློག་ཐུབ་ངེས། དེ་ལྟར་བྱུང་ཚེ་བོད་ཡིག་དང་འཛམ་གླིང་ནང་གི་སྐད་ཡིག་གཞན་པ་ཚོའི་བར་དུ་གོ་ལ་ཧྲིལ་བོའི་རང་བཞིན་གྱི་གླེང་མོལ་བྱེད་ཐུབ་ངེས།”

བསྟན་འཛིན་བདེ་སྐྱིད་ཀྱིས་རང་ཉིད་ཀྱི་བསམ་ཚུལ་གྱི་རྒྱབ་རྟེན་གྱི་ཚུལ་དུ། གྲོང་ཁྱེར་ནེའུ་ཡོག་ནང་གི་ས་གནས་བོད་པ་ཚོའི་ཁྲོད་དུ་སྡོམ་རྩིས་ཤིག་བྱས་འདུག ཁོ་མོས་སྡོམ་རྩིས་ལ་ཞུགས་མཁན་ཚོའི་ལག་ཏུ་ཡི་གེ་གཅིག་མཚུངས་ཤིག་འབྲི་སྟངས་གཉིས་སུ་བྱས་པ་སྟེ། གཅིག་ནི་ད་ཡོད་ཀྱི་འབྲི་སྟངས་དང་གཞན་ཞིག་ནི་མིང་ཚིག་རྣམས་བར་སྟོང་གིས་བཅད་པའི་འབྲི་སྟངས་བྱས་པའི་དཔར་གཞི་གཉིས་རེ་ལག་ཏུ་བཞག་སྟེ་ཀློག་ཏུ་བཅུག མིང་ཚིག་རྣམས་བར་སྟོང་གིས་བཅད་པའི་ཡི་གེ་དེ་ཀློག་སྐབས་ཀློག་པ་བོ་རྒན་པ་ཚོར་རྒྱུན་ལྡན་མ་ཡིན་པའི་ཡི་གེ་འདི་ཀློག་པར་དཀའ་ངལ་རེ་ཡོད་ནའང་། གཞོན་སྐྱེས་ཚོས་མིང་ཚིག་རྣམས་བར་སྟོང་གིས་བཅད་པའི་ཡི་གེ་འདི་ཀློག་སྐབས་འགྲོས་མགྱོགས་ལ་གོ་བ་ལོན་སླ། ཕ་སྐད་དབྱིན་སྐད་ཡིན་པའི་བོད་ཡིག་སློབ་མཁན་ཞིག་ལ་གོང་མཚུངས་ཀྱི་ཚོད་ལྟ་བྱས་པ་ན། ཁོང་གིས་མིང་ཚིག་རྣམས་བར་སྟོང་གིས་བཅད་པ་འདིས་རང་ཉིད་ཀྱིས་སྔོན་ནས་ཤེས་པའི་མིང་ཚིག་དང་སྔོན་ནས་མི་ཤེས་པའི་མིང་ཚིག་རྣམས་ཁ་ཁར་འབྱེད་བདེ་བ་དང་། མིང་ཚིག་འགའ་རེ་ངོས་ཟིན་ཚེ་སྤྱིའི་རྒྱབ་ལྗོངས་རྟོགས་པར་ཕན་ཐོགས་ལ། དེ་ལྟར་བྱུང་ཚེ་ངོ་མི་ཤེས་པའི་མིང་ཚིག་དེ་དག་གི་ནང་དོན་ཡང་ཚོད་དཔག་བྱེད་ཐུབ་ཟེར།

བསྟན་འཛིན་བདེ་སྐྱིད་ཀྱིས་མིང་ཚིག་གི་བར་དུ་བར་སྟོང་འཇུག་པ་འདིར་སྐབས་འཕྲལ་དུ་སྐྱོན་ཆ་ཡོད་པ་ངོས་ལེན་བྱེད། ཚིག་བར་དུ་བར་སྟོང་བསྣན་པ་ཡིན་ན་ཤོག་བུ་སྔོན་ལས་མང་བོ་སྤྱོད་དགོས་ལ་དེ་ལྟར་བྱས་ཚེ་ཁོར་ཡུག་ལ་གནོད་ལ། ཚིག་བར་དུ་བར་སྟོང་ཅན་ཞིག་ལག་ལེན་བྱས་ཏེ་དར་སྤེལ་དུ་བཏང་བ་ཡིན་ན། བོད་པ་ཚོས་བོད་པ་ཡོངས་རྫོགས་ལ་ཐུན་མོང་དུ་ཡོད་པའི་རིག་གནས་ཀྱི་སྦྲེལ་ཐག་ལྟ་བུར་གྱུར་བའི་ཆོས་ལུགས་དང་ལོ་རྒྱུས་ཀྱི་ཡིག་རིགས་ཀློག་མི་ཐུབ་པར་འགྱུར་ངེས།

མིང་ཚིག་རྣམས་བར་སྟོང་གིས་གཅོད་པའི་བསམ་ཚུལ་དང་བསྡུར་ཚེ་སྒྱུར་བཅོས་བྱེད་ཐབས་གཞན་པ་ཞིག་བོད་རིགས་སྤྱི་ཚོགས་ཁྲོད་དུ་རྒྱབ་སྐྱོར་ཐོབ་ཀྱི་ཡོད། དཔལ་ལྡན་ས་སྐྱའི་ལྟེ་གནས་དང་བི་ཀྲ་མ་ལ་ཤཱིའི་ཐེབས་རྩ་ཚོགས་པའི་འགན་འཛིན་བླ་མ་པདྨ་དབང་གྲགས་ཀྱིས་བལྟས་ན། མིང་ཚིག་གི་བར་དུ་བར་སྟོང་འཇུག་པ་ནི་དགོས་མེད་ཅིག་ཡིན་པ་མ་ཟད་བོད་ཡིག་འབྲི་སྟངས་ཀྱི་སྲོལ་རྒྱུན་ལ་གནོད་པ་ཐེབས་ཉེན་ཆེ། “ཁྱེད་རང་གིས་སྐད་ཡིག་ལ་འགྱུར་བ་གཏོང་འདོད་ཟེར་དུས་དེ་ནི་སྐད་བརྡ་རིག་པའི་གནད་དོན་ཞིག་ཆགས་བསྡད་ཡོད་ལ། དེ་ནི་སུ་ལ་མཚོན་ནའང་ཉེན་ཁ་ཅན་གྱི་བྱ་བ་ཞིག་རེད། ང་རང་ཉིད་ཀྱང་སྐད་ཡིག་ལ་འགྱུར་བ་གཏོང་བར་འཐད་པ་ཡོད། འོན་ཀྱང་། ཅུང་གཟབ་གཟབ་བྱེད་འདོད། སྐད་ཡིག་ཅེས་པ་ནི་ཁང་བའི་བཟོ་བཀོད་ལྟ་བུ་རེད། པེའུ་ས་མཆོད་རྟེན་གསེག་མ་དྲང་བོར་བཟོ་མི་ཐུབ་པ་བཞིན་ཁྱེད་ཀྱིས་སྐད་ཡིག་ཅིག་ལས་སླ་བོས་སྒུལ་སྐྱོད་བྱེད་མི་རུང་། གལ་སྲིད་ཁྱེད་ཀྱིས་དེ་ལ་འགྱུར་བ་གཏོང་འདོད་ན། ཁྱེད་ཀྱིས་བཟོ་བཀོད་ཧྲིལ་བོ་ལ་འགྱུར་བ་གཏོང་དགོས།”

ཁོང་གི་བསམ་འཆར་ནི་བར་སྟོང་འཇུག་པ་དང་བསྡུར་ན་ཅུང་རྣམ་པ་རྒྱ་ཆུང་། ཁོང་གིས་བཏོན་པའི་བསམ་འཆར་ནི་ཚིག་གྲུབ་ཅིག་རྫོགས་ཚེ་ཚེག་ཟུར་བཞི་མ་མ་ཡིན་པར་ཚེག་ཟུར་གསུམ་མ་ཞིག་འབྲི་རྒྱུ་དེ་རེད། “དབྱིན་ཡིག་ལྟ་བུར་མཚོན་ནའང་། འབྱེད་རྟགས་དང་རྫོགས་རྟགས་གཉིས་ཀྱི་བར་དུ་ཁྱད་པར་གསལ་བོ་ཡོད་པ་རེད། གལ་སྲིད་ཁྱེད་ཀྱིས་བོད་ཡིག་ཐོག་མར་སྦྱོང་སྐབས་ཅི་ཞིག་ཅི་ཞིག་ཡིན་པ་ཤོད་དཀའ་ནའང་། ཅུང་བྱང་ཆ་སོང་ཚེ་ཁ་ཁར་འབྱེད་ཐུབ་ངེས།” གསར་བཟོས་ཀྱི་ཚེག་འདིས་ཚིག་གྲུབ་ཕན་ཚུན་ཁ་ཁར་འབྱེད་པར་ཕན་ན་ཡང་། བསམ་འཆར་འདི་ལ་མི་འདང་ས་མང་བོ་ཡོད་ངེས་ཏེ། གཅིག་ནས་ཡིན་ན། ཚེག་གསར་འདིས་བོད་ཡིག་རྣམས་རྩིས་འཕྲུལ་གྱི་ཐོག་ནས་སྤྱོད་ཇེ་བདེར་གཏོང་བར་ཕན་པ་མེད། ཚོགས་ཞུགས་མཁན་ཞིག་གིས་འདི་ལྟར་བྱས་ཚེ་མིག་དབང་མི་རྣོ་བའམ་མིག་དབང་ཉམས་བཞིན་པའི་བོད་པ་ཚོའི་དོན་དུ་སེམས་ཁྲལ་ཡོད་ཚུལ་གླེང་བྱུང་། ཁོང་ཚོར་མཚོན་ན་ཚེག་གསར་འདི་དང་སྒྲ་ཚིགས་ཀྱི་མཚམས་གཅོད་པའི་ཚེག་གཉིས་ཀྱི་བར་དུ་ཁྱད་པར་ཆེན་པོ་ཡོད་རྒྱུ་མ་རེད། གཉིས་ནས་ཡིན་ན། བོད་ཀྱི་སྲོལ་རྒྱུན་སྨྱུག་བཟོས་སྨྱུ་གུ་སྤྱོད་སྐབས་ཀྱང་དཀའ་ལས་འཕྲད་ངེས་ཏེ། སྨྱུ་གུའི་རྩེ་མོ་ལེབ་མོ་ཡིན་པས་ཚེག་ཁྱད་པར་བ་འདི་འབྲི་བར་རྙོག་འཛིང་ཡོད་རྒྱུ་རེད་ཟེར། རྩོད་པ་འདི་ཐད་ལ་བླ་མ་པདྨ་ལགས་ཀྱིས་རྩོད་ལན་འདི་ལྟར་སློག “ཡི་གེ་འབྲི་སྐབས་སུས་ཀྱང་སྐྱོན་མེད་ཡང་དག་ཅིག་འབྲི་རྒྱུའི་རེ་བ་རྒྱག་གི་མེད་ལ། སྤྱིར་ལག་བྲིས་རང་ཉིད་ལ་མཚོན་ནའང་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་པ་རེད། ཁྱེད་ཀྱི་སྨྱུ་གུས་ཚེག་དེ་ཇི་ལྟར་འགྲུབ་ཐུབ་ན་དེ་ལྟར་འགྲུབ་པར་བྱས་ན་འགྲིག་པ་རེད།”

བསྟན་འཛིན་བདེ་སྐྱིད་དང་བླ་མ་པདྨ་དབང་གྲགས་གཉིས་ཀྱིས་བོད་ཡིག་གི་འབྲི་ཐབས་ལ་ཉམས་ཞིབ་བྱེད་པ་བརྒྱུད། བོད་རིགས་གཞོན་སྐྱེས་ཚོའི་ཁྲོད་དུ་བོད་ཡིག་ཐད་དོ་སྣང་ཇེ་ཆུང་དུ་འགྲོ་བཞིན་པའི་ཐད་རྒྱུས་ལོན་བྱེད་པའི་སྐབས། རིག་འབྱུང་དོན་འགྲུབ་བཀྲ་ཤིས་ཀྱིས་བལྟས་ན་གཅིག་བྱས་ན་གནད་དོན་ཡི་གེའི་སྟེང་ན་ཡོད་པ་མ་ཡིན་པར་རང་ཉིད་ཀྱི་སློབ་སྦྱོང་གི་ཆུ་ཚད་དམའ་བའི་སྟེང་ན་ཡོད་སྲིད་པ་རེད་ཟེར། ཁོང་གིས་གསལ་འདོན་བྱེད་རྒྱུར། བོད་ནང་དུ་སྐད་ཡིག་སློབ་སྦྱོང་གི་ཐོག་ཏུ་ཤུགས་ཆེན་པོ་རྒྱག་གི་ཡོད་ནའང་། ཕྱིའི་སྤྱི་ཚོགས་སུ་སྡོད་པའི་བོད་པ་ཚོས་རང་ཉིད་ཀྱི་ཕ་སྐད་སློབ་སྦྱོང་གི་ཐད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་མེད་པ་རེད། “བོད་པ་ག་ཚོད་ལ་ཀློག་རྒྱུ་དང་འབྲི་རྒྱུའི་ཐད་དཀའ་ངལ་འཕྲད་ཀྱི་འདུག་གམ། གལ་སྲིད་ང་ཚོའི་མི་འབོར་ལས་མང་ཆེ་ཤོས་ལ་དཀའ་ངལ་འདི་འཕྲད་ཀྱི་མེད་ན། ང་ཚོས་ཅིའི་ཕྱིར་བོད་ཡིག་ལ་སྒྱུར་བཅོས་གཏོང་དགོས་པ་རེད།” ཅེས་ཁོང་གིས་དྲིས།

ཁོང་གིས་བཏོན་པའི་ཀློག་འདོན་སྐབས་གོ་བ་ལོན་ནུས་མཐོར་འདེགས་གཏོང་བའི་ཐབས་ལམ་ནི། ཚིག་གྲུབ་ཀྱི་སྒྲིག་གཞི་དང་རིང་ཐུང་བསྐྱར་སྒྲིག་བྱས་ཏེ་ཚིག་གྲུབ་ཀྱི་རྙོག་འཛིང་རང་བཞིན་ཉུང་དུ་གཏོང་རྒྱུ་དེ་རེད། སྐུ་ཞབས་རིག་འབྱུང་ལགས་ཀྱིས་དུས་རབས་༡༠ནང་དུ་བོད་ཀྱི་མཁས་པ་ཚོས་ཚིག་གྲུབ་ཐུང་ངུ་འབྲི་བའི་དཔེ་མཚོན་དྲངས་ཏེ། འདི་ནི་བོད་ཀྱི་ཡི་གེ་ལ་“མཁའ་དབུགས་གསར་པ་སྣོན་པའི”ཐབས་ལམ་ཡག་ཤོས་ཤིག་རེད་ཟེར། ཁོང་གིས་བཤད་རྒྱུར། “མིང་ཚིག་རྣམས་བར་སྟོང་གིས་བཅད་ན་མགྱོགས་པོར་ཀློག་པར་ཕན་ཐོགས་སྲིད་མོད། འོན་ཀྱང་། དེས་ཚིག་གི་གོ་བ་ཡག་པོ་ལོན་པར་ཕན་པ་མེད་ངེས་ཤིང་།” ཡི་གེར་སྒྱུར་བཅོས་ཅི་ཞིག་གཏོང་ཡང་གོ་བ་ལོན་པར་ཕན་པ་ནི་གཞི་རྩར་འཛིན་དགོས། བོད་པ་ཚོས་བོད་ཡིག་ལ་སྒྱུར་བཅོས་གཏོང་རྒྱུ་དེ་རིམ་བཞིན་དགོས་ངེས་ཤིག་ཏུ་འགྱུར་སྲིད་མོད། འོན་ཀྱང་། ང་ཚོས་གླེང་མོལ་གྱི་སྐབས་སུ་ཤེས་རྟོགས་བྱུང་བ་ནི་བསམ་འཆར་ཅི་ཞིག་ཡིན་རུང་དང་ལེན་དང་སྣང་མེད་ཅི་ཞིག་བྱས་རུང་། བོད་མི་དང་ཁོང་ཚོའི་སྐད་ཡིག ཁོང་ཚོའི་རིག་གནས་བཅས་ཀྱི་བར་དུ་ཆད་མི་སྲིད་པའི་སྦྲེལ་ཐག་སྲ་མོ་ཞིག་ཡོད་པ་དེ་རེད། “བོད་ཡིག་གི་འབྲི་སྲོལ་ནི་ཐོན་མི་སམ་བྷོ་ཊས་ང་ཚོ་ཡོངས་ལ་བསྩལ་བའི་ལེགས་སྐྱེས་ཤིག་རེད།” ཅེས་བསྟན་འཛིན་བདེ་སྐྱིད་ཀྱིས་མཇུག་བསྡུའི་སྐབས་སུ་ཚོགས་ཞུགས་མཁན་རྣམས་ལ་དྲན་སྐུལ་བྱེད་དོན། “དེ་ནི་བོད་པ་མི་རེ་ངོ་རེར་སྐྱེས་དུས་ནས་ཡོད་པའི་ཐོབ་ཐང་རེད། ང་ཚོས་ངེས་པར་དུ་བོད་ཡིག་འདི་དུས་རབས་ཉི་ཤུ་བའི་ཕན་ཆད་ནས་ད་རུང་མི་མཐུད་དུ་འབྱོར་ཕྱུག་ལྡན་ལ་སྦྱོང་སྤྱོད་ཀྱི་རིན་ཐང་ཡོད་པའི་སྐད་ཡིག་ཅིག་ཏུ་གནས་པའི་ཆེད་དུ་བསམ་བློ་ཞིབ་མོ་གཏོང་དགོས།”